ཡུ་གུར་མི་རིགས་མཁས་པ་ཞིག་གློད་གྲོལ་ཆེད་ཞུ་ཡིག་ས་རྟགས།

རྒྱ་ནག་ནང་གི་མཁས་པ་བརྒྱ་ལྷག་གིས་ཡུ་གུར་མི་རིགས་དཔལ་འབྱོར་མཁས་པ་ཨིལ་ཧམ་གློད་གྲོལ་དགོས་པའི་ཞུ་ཡིག་ལ་མིང་རྟགས་བཀོད་འདུག

2009.07.14

༄༅༎རྒྱ་ནག་ནང་གི་མཁས་པ་དང་རྩོམ་པ་པོ་བརྒྱ་ལྷག་གིས་ཉེ་ཆར་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པ་ཡུ་གུར་མི་རིགས་དཔལ་འབྱོར་མཁས་པ་ཨིལ་ཧམ་ཊོཧ་ཊི་གློད་གྲོལ་དགོས་པའི་ཞུ་ཡིག་ཞིག་ལ་མིང་རྟགས་བཀོད་ཡོད་འདུག

ཨིལ་ཧམ་ཊོཧ་ཊི་ནི་ཁ་ཤུགས་ཆེ་བའི་ཡུ་གུར་མི་རིགས་དཔལ་འབྱོར་མཁས་པ་ཞིག་ཡིན་པ་དང་ཁོང་ཉིན་ཤས་གོང་གར་སོང་ཆར་མེད་དུ་སོང་སྟེ་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཡོད་པར་ཡིད་ཆེས་བྱེད་བཞིན་ཡོད་པ་དང་འདས་པའི་ཟླ་བ་འགའ་ཤས་ཀྱི་ནང་ཁོང་གིས་རྒྱ་ནག་གཞུང་ནས་ཤར་ཏུར་ཀི་སི་ཐན་ནང་བཟུང་བའི་སྲིད་བྱུས་ཐད་སྐྱོན་བརྗོད་ཤུགས་ཆེ་གནང་ཡོད་འདུག

རྒྱ་ནག་གི་མཁས་དབང་དང་རྩོམ་པ་པོ་ཚོས་མིང་རྟགས་སྐྱོན་པའི་ཞུ་ཡིག་དེའིནང་སློབ་དཔོན་ཨིལ་ཧམ་ཊོཧ་ཊི་ནི་ཡུ་གུར་མི་རིགས་ཀྱི་མཁས་དབང་ཞིག་ཡིན་ལ་རྟག་ཏུ་མི་རིགས་ཕན་ཚུན་དབར་གྱི་མཐུན་ལམ་གོང་འཕེལ་གཏོང་ཐབས་ཐད་འབད་བརྩོན་ཆེན་པོ་གནང་མཁན་ཞིག་ཀྱང་རེད་ཅེས་དང་གལ་ཏེ་ཁོང་ཚོས་ཨིལ་ཧམ་ཊོ་ཊིར་ཁྲིམས་བཤེར་བྱེད་འགོ་ཚུགས་ཡོད་ཚེ་ཕྱི་གསལ་ནང་གསལ་གྱི་ཐོག་ནས་ཁྲིམས་བཤེར་བྱེད་སྟེ་མང་ཚོགས་ཀྱི་ཡིད་ཆེས་ཐོབ་ཐབས་བྱེད་དགོས་ལ་དམིགས་བསལ་ཡུ་གུར་མི་རིགས་ཚོའི་ཡིད་ཆེས་ཐོབ་ཐབས་ངེས་པར་བྱེད་དགོས་ཀྱི་རེད་ཅེས་འཁོད་འདུག

ད་དུང་ཞུ་ཡིག་དེའི་ནང་ཨིལ་ཧམ་ཊོཧ་ཊིས་བདག་གཉེར་གནང་པའི་རྒྱ་ཡིག་གི་དྲ་རྒྱ་ཡུ་གུར་སྦིཛི་ཞེས་པ་དེ་ནི་ཡུ་གུར་མི་རིགས་ཀྱི་བདེ་དོན་ཐད་ཀྱི་བསམ་ཚུལ་སྤེལ་ཡུལ་གལ་ཆེ་ཞིག་ཡིན་པར་མ་ཟད་ཧན་མི་རིགས་དང་ཡུ་གུར་མི་རིགས་དབར་གྲོས་བསྡུར་བྱ་ཡུལ་གྱི་དྲ་རྒྱ་གལ་ཆེ་ཞིག་ཡིན་པ་བརྗོད་འདུག

ཞུ་ཡིག་དེར་མིང་རྟགས་བཀོད་མཁན་གྱི་གྲས་སུ་རྒྱ་ནག་ནང་བཅའ་ཞུགས་བོད་རིགས་རྩོམ་པ་པོ་གྲགས་ཅན་འོད་ཟེར་ལགས་དང་རྒྱ་རིགས་རྩོམ་པ་པོ་ལྦང་ལི་ཤིའོང་ལ་སོགས་པ་ཡོད་པར་མ་ཟད་རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་ཅན་པ་ཁག་ཅིག་ཀྱང་ཡོད་འདུག

འོད་ཟེར་ལགས་ཀྱིས་ཞུ་ཡིག་དེར་མིང་རྟགས་བསྡུ་རུབ་མུ་འཐུད་བྱེད་བཞིན་ཡིན་པ་གསུངས་འདུག་ལ་ཞུ་ཡིག་དེའི་ནང་རྒྱ་ནག་གཞུང་ལ་སྔ་ལོ་བོད་ནང་གི་གནས་ཚུལ་བྱུང་བ་དང་ཉེ་ཆར་ཤིན་ཅང་ངམ་ཤར་ཏུར་ཀི་སི་ཐན་ནང་བྱུང་བའི་གནས་ཚུལ་ཁག་གི་རྒྱུ་རྐྱེན་རྒྱ་ནག་གཞུང་གི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་དེ་དག་ཡིན་མིན་ཐད་བསྐྱར་ཞིབ་གནང་དགོས་པའི་དགོས་འདུན་ཡང་བཏོན་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎