༢༠༡༠ལོར་རྒྱ་གཞུང་གིས་ཡུ་གུར་མི་རིགས་༣༧༦ལ་ཁྲིམས་བཤེར།
2011.01.17
༄༅༎རྒྱ་ནག་གཞུང་འབྲེལ་ཉིན་རེའི་གསར་ཤོག་ཞེས་པས་ཕྱི་ལོ་༢༠༡༠ལོའི་ཤིང་ཅང་གི་ངོ་རྒོལ་གྱི་ལས་འགུལ་དང་འབྲེལ་བའི་མི་གྲངས་ ༣༧༦ལ་རྒྱལ་ཁབ་ཀྱི་སྲུང་སྐྱོབས་ཐོག་ནག་ཉེས་ལས་དོན་སྤེལ་བ་ཅེས་པའི་ཉེས་མིང་ཐོག་ཁྲིམས་བཤེར་བྱས་ཡོད་སྐོར་གནས་ཚུལ་བཏོན་ཡོད་པ་རེད།
སྔ་ལོའི་ཕྱི་ཟླ་༨པའི་ནང་ཤིང་ཅང་གི་ཡུལ་མི་ཚོས་རྒྱ་གཞུང་གི་དྲག་ཆས་དམག་མིར་ཕར་རྒོལ་བྱེད་སྐབས་མི་༦ཡི་ཚེ་སྲོག་ཤོར་བ་དང་མི་གྲངས་ ༡༥ལ་རྨས་སྐྱོན་ཕོག་ཡོད་པ་རེད། ཤིང་ཅང་གི་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་རོ་ཛི་སི་མ་ཡི་ཡིས་ཤིང་ཅང་མི་མང་གི་ཁྲིམས་ཁང་རིམ་པ་ཁག་གིས་འཇིགས་སྐུལ་དྲག་སྤྱོད་པར་དྲག་གནོན་བྱེད་རྒྱུ་དེ་ཁྲིམས་ཁང་ཁག་གི་ལས་དོན་གལ་ཆེ་ཤོས་སུ་ངོས་འཛིན་བྱེད་ཀྱི་ཡོད་སྐོར་རྒྱ་གཞུང་གི་དྲ་གནས་དེའི་ནང་གནས་ཚུལ་བཀོད་ཡོད་པ་རེད། རྒྱ་གཞུང་གིས་ཤིང་ཅང་ནང་ཐལ་ཆེའི་ཆོས་ལུགས་ཀྱི་ལྟ་སྤྱོད་འཛིན་མཁན་དང་མི་རིགས་ཁ་བྲལ་དང་རྒྱལ་སྤྱིའི་དྲག་སྤྱོད་ཀྱི་ལས་འགུལ་སྤེལ་མཁན་གྱི་ཤུགས་རྐྱེན་གསུམ་པོ་དེས་གཞུང་དང་བསྐོར་སྲུང་བའི་ཐོག་དྲག་རྒོལ་གྱི་ལས་འགུལ་སྤེལ་བའི་ནག་ཉེས་འགེལ་བ་དང་དེ་དག་ཤིང་ཅང་ནང་ཤར་ཏུཀིསྟན་རང་དབང་རང་བཙན་གྱི་རྒྱལ་ཁབ་ཤིག་འཛུགས་རྒྱུར་ཨལ་ཀེཡི་རྡ་དང་ཨེ་ཤེ་ཡའི་དྲག་སྤྱོད་པ་དང་ལག་འབྲེལ་ཡོད་སྐོར་འབྲེལ་བརྗོད་བྱེད་ཀྱི་ཡོད་པ་རེད། ཡིན་ནའང་བཙན་བྱོལ་དུ་ཡོད་པའི་ཤིང་ཅང་གི་ཡུ་གུར་མི་རིགས་ཚོས་རྒྱ་ནག་གཞུང་གིས་ཤིང་ཅང་གི་ཁ་བྲལ་གྱི་ལས་འགུལ་དེ་ཆེད་མངགས་ཆེན་པོ་བཟོས་ནས་ཡུ་གུར་མི་རིགས་ཚོར་མི་སྤྱོད་ལས་འདས་པའི་དྲག་གནོན་བྱེད་རྒྱུའི་ལག་ཆར་བེད་སྤྱོད་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་གནང་གི་ཡོད་པ་རེད། ཤིང་ཅང་གི་ཡུ་གུར་མི་རིགས་རྣམས་ཁ་ཆེའི་ཆོས་ལུགས་ཀྱི་རྗེས་འབྲང་པ་ཡིན་པ་དང་རྒྱ་གཞུང་གིས་ཁོང་ཚོའི་ཆོས་དང་སྐད་ཡིག་རིག་གཞུང་བཅས་པའི་ཐོག་དམ་བསྒྲགས་ཧ་ཅང་གི་ཆེན་པོ་བྱེད་པ་མ་ཟད་ཕྱི་ལོ་༡༩༤༩ལོ་ནས་བཟུང་ཤིང་ཅང་ནང་རྒྱ་ཧན་མི་རིགས་ཕོན་ཆེ་གཞིས་སྤོས་བྱེད་པ་དེས་ད་ཆ་ཁོང་ཚོ་རང་གི་ལུང་པའི་ནང་གྲངས་ཉུང་མི་རིགས་སུ་འགྱུར་བའི་ཉེན་ཁ་དེ་གཏན་གཏན་ཡོད་པ་རེད༎