རྒྱ་ནག་གཞུང་གིས་ཨ་རིའི་ནང་ཡོད་པའི་ཐེ་ཝན་གྱི་སྐུ་ཚབ་དང་གཞན་ཁག་ཅིག་ལ་ཉེས་ཆད་བཀལ་འདུག
འདི་ཚེས་༧གཟའ་པ་སངས་ཉིན་རྒྱ་ནག་གི་ཐེ་ཝན་ལས་དོན་ཚན་པས་སྤྱི་བསྒྲགས་ཞིག་སྤེལ་བའི་ནང་། ཨ་རིའི་ནང་ཡོད་པའི་ཐེ་ཝན་གྱི་དམིགས་བསལ་སྐུ་ཚབ་(Hsiao Bi-Khim)་ལགས་རྒྱ་ནག་དང་ཧོང་ཀོང་། ཨོ་མན་བཅས་པའི་ནང་བསྐྱོད་མི་ཆོག་པའི་དམ་དྲག་བྱེད་རྒྱུ་ཡིན་ལུགས་བཀོད་པ་དང་ཆབས་ཅིག ཁོང་དང་འབྲེལ་བ་ཡོད་པའི་ཚོང་དོན་ཚན་པ་དེ་དག་ཀྱང་རྒྱ་ནག་གི་ཚོང་དོན་ཚན་པ་དང་འབྲེལ་བ་བྱེད་མི་ཆོག་པའི་ཉེས་ཆད་བཀལ་འདུག
རོཡེ་ཊར་གསར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་ཐེ་ཝན་གྱི་སྐུ་ཚབ་ལ་དེ་ལྟབུའི་ཉེས་ཆད་བཀལ་བའི་དུས་ཚོད་ནི། རྒྱ་ནག་གཞུང་གིས་སྔ་ས་ནས་དགག་བྱ་དང་སྡིགས་ར་སྐུལ་མིན་ལ་མ་བལྟོས་བར། འདི་ཚེས་༥ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་(Kevin McCarthy)་ལགས་ཀྱིས་ཐེ་ཝན་གྱི་སྲིད་འཛིན་(Tsai Ing-wen)་ལགས་དང་ཨ་རི་ནས་མཇལ་འཕྲད་གནང་བའི་རྗེས་སུ་བྱུང་བ་ཞིག་ཡིན་ལུགས་བཀོད་འདུག
དེའི་ཐད་ཐེ་ཝན་གྱི་སྐུ་ཚབ་ཁིམ་ཡིས་སྤྱི་ཚོགས་དྲྭ་ལམ་(twitter)་བརྒྱུད་རྒྱ་ནག་གཞུང་གིས་ངོས་ལ་ཉེས་ཆད་བཀལ་བ་ད་རེས་ཐེངས་གཉིས་པ་རེད་ཅེས་གསུངས་འདུག
ཡང་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་སྤྱི་བསྒྲགས་ནང་གསལ་ལྟར་ན། ཨ་རིའི་(Hudson Institute)་དང་། (Reagan)་དྲན་རྟེན་དཔེ་མཛོད་ཁང་དང་དེའི་ནང་གི་འགན་འཛིན་བཅས་པར་འབྲེལ་བ་ཡོད་པའི་རྒྱ་ནག་གི་གཙུག་ལག་སློབ་གཉེར་ཁང་དང་། ཚོང་དོན་ཚན་པ་སོགས་ཀྱི་མི་སྣ་དེ་དག་ཀྱང་རྒྱ་ནག་ནང་ཡོང་མི་ཆོག་པའི་དམ་དྲག་གི་ཉེས་ཆད་འགེལ་རྒྱུ་ཡིན་ལུགས་བཀོད་ཚུལ་ལ་བལྟས་ན། ཉིན་ཤས་གོང་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་གིས་ཐེ་ཝན་གྱི་སྲིད་འཛིན་དང་མཇལ་འཕྲད་གནང་བའི་གནད་དོན་དེ་དང་འབྲེལ་བ་ཡོད་མཁན་མི་སྣ་དང་མཇལ་འཕྲད་གནང་ཡུལ་ཚང་མར་ཉེས་ཆད་བཀལ་འདུག།
གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།