༸གོང་ས་མཆོག་རྟ་དབང་ཆིབས་བསྒྱུར་ལ་རྒྱ་ནག་གིས་ངོ་རྒོལ།

༸གོང་ས་མཆོག་རྒྱ་གར་གྱི་མོན་རྟ་དབང་ས་ཁུལ་ནང་ཆིབས་བསྒྱུར་བསྐྱང་རྒྱུར་རྒྱ་ནག་གཞུང་གིས་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཅེས་བཤད།

2009.10.20

༄༅༎དེ་རིང་རེས་གཟའ་མིག་དམར་ཉིན་སླར་ཡང་རྒྱ་ནག་ཕྱོགས་ནས་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་དང་རྒྱ་ནག་བར་ལ་བདག་དབང་གི་རྩོད་གཞི་ཡོད་པའི་རྒྱ་གར་གྱི་མོན་རྟ་དབང་ས་ཁུལ་ནང་ཆིབས་བསྒྱུར་བསྐྱང་རྒྱུར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཅེས་བཤད་ཡོད་པ་རེད།

ད་ལྟ་རྒྱ་གར་གྱི་མངའ་འོག་ཏུ་ཡོད་པའི་ཨ་རུ་ན་ཅལ་པཱར་རྡེཤ་མངའ་སྡེ་དེ་ནི་རྒྱ་ནག་གི་མངའ་འོག་ས་ཁུལ་ཞིག་ཡིན་ལུགས་རྒྱ་ནག་ཕྱོགས་ནས་རྩོད་ལེན་བྱེད་བཞིན་ཡོད་པ་ལྟར་དེ་རིང་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་མཱ་ཀྲའོ་ཤུ་ཡིས་གསར་འགོད་པར་བཤད་དོན་ལ་རྒྱ་ནག་ཕྱོགས་ནས་ཨ་རུ་ན་ཅལ་པཱར་རྡེཤ་ས་གནས་ཐོག་ལ་འཛིན་པའི་ལངས་ཕྱོགས་ལ་འགྱུར་བ་མེད་ཅིང་ང་ཚོས་ཏཱ་ལའི་བླ་མ་ས་གནས་དེའི་ནང་དུ་ཕེབས་རྒྱུར་མཐའ་ཅིག་ཏུ་ངོ་རྒོལ་ཡོད། རྒྱ་ནག་ཕྱོགས་ནས་ཏཱ་ལའི་བླ་མ་ས་གནས་དེའི་ནང་དུ་ཕེབས་ཀྱི་ཡོད་པའི་གསར་འགྱུར་ཐོན་བཞིན་པའི་གནས་ཚུལ་ཐོག་ལ་ཧ་ཅང་གི་བློ་འཚབ་ཡོད། རྒྱ་གར་གཞུང་གིས་ཏཱ་ལའི་བླ་མ་ས་གནས་དེའི་ནང་དུ་ཕེབས་སུ་བཅུག་པ་ཡིན་ཚེ་ཏཱ་ལའི་བླ་མས་རྒྱ་ནག་ཁ་བྲལ་གྱི་རང་གཤིས་དེ་ཤུགས་ཆེ་འགྲོ་རྒྱུ་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད་ཅེས་བཤད་ཡོད་པ་རེད། བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་དང་རྒྱ་ནག་བར་ལ་རྩོད་གཞི་ཡོད་པའི་རྒྱ་གར་གྱི་ཨ་རུ་ན་ཅལ་པཱར་རྡེཤ་མངའ་སྡེའི་ནང་ཆིབས་བསྒྱུར་བསྐྱང་རྒྱུའི་གནས་ཚུལ་ཐོན་མ་ཐག་ནས་རྒྱ་ནག་ཕྱོགས་ནས་རྣོ་ངར་ཆེ་བའི་ངོ་རྒོལ་གྱི་སྐྱོན་བརྗོད་ཞུས་ཡོད་ཀྱང་རྒྱ་གར་གཞུང་ཕྱོགས་ནས་དེར་ངོས་ལེན་གང་ཡང་བྱས་མེད་པ་མ་ཟད་ཟླ་བ་འདིའི་ཕྱི་ཚེས་བཅུ་དྲུག་རེས་གཟའ་པ་སངས་ཉིན་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ནི་རུ་པ་མ་རའོ་མཆོག་གིས་རྒྱ་གར་གྱི་གསར་ཤོག་ཨིན་ཌིཡེན་ཨེ་སི་པེརེ་སི་ཟེར་བར་ཏཱ་ལའི་བླ་མ་མཆོག་ནི་ཆོས་ལུགས་ཀྱི་མི་སྣ་ཞིག་ཡིན་པར་བརྟེན་ཁོང་གིས་ཆབ་སྲིད་ཀྱི་ལས་དོན་གང་ཡང་མ་གནང་ཚེ་ཨ་རུ་ན་ཅལ་པཱར་རྡེཤ་ཁུལ་དུ་ཆིབས་བསྒྱུར་བསྐྱང་རྒྱུར་ཐོབ་ཐང་ཡོད་པའི་སྐོར་བསྐྱར་ཏུ་ནན་བརྗོད་གནང་བ་མ་ཟད་ཁོང་ནི་ང་ཚོ་རྒྱ་གར་རྒྱལ་ཁབ་ཀྱི་སྐུ་མགྲིན་ཞིག་ཡིན་པས་རྒྱ་གར་གྱི་ས་ཕྱོགས་ག་པར་ཆིབས་བསྒྱུར་བསྐྱང་རྒྱུར་རང་དབང་རེད་ཅེས་གསུངས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎