རྒྱལ་སྤྱིའི་ཉེས་ཡང་ཚོགས་པས་རྒྱ་ནག་ལ་སྐྱོན་བརྗོད་གནང་བ།
2009.02.05
༄༅༎རྒྱ་ནག་གིས་མཉམ་སྦྲེལ་རྒྱལ་ཚོགས་ནང་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ་ཕུལ་བའི་ནང་བོད་དང་ཤར་ཏུར་ཀི་སི་ཐན་གཉིས་རྩིས་མེད་བཏང་བ་དེར་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་སྐྱོན་བརྗོད་གནང་འདུག
རེས་གཟའ་ཕུར་བུའི་ཉིན་རྒྱ་ནག་གིས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ལྷན་ཚོགས་སུ་ཕུལ་བའི་སྙན་ཐོའི་ནང་བོད་དང་ཤར་ཏུར་ཀི་སི་ཐན་གཉིས་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་དྲག་གནོན་བྱེད་བཞིན་པའི་སྐོར་ཚིག་ཅིག་ཀྱང་འཁོད་མེད་པ་དེར་ཉེས་ཡངས་ཚོགས་པས་སྐྱོན་བརྗོད་བྱས་འདུག ཉེས་ཡངས་ཚོགས་པས་རྒྱ་ནག་གིས་སྤྱིར་སྟངས་ནས་འགྲོ་བ་མིའི་ཐོབ་ཐང་ཐད་ཡར་རྒྱས་ཕྲན་བུ་བཏང་ཡོད་པ་ངོས་ལེན་གནང་འདུག་ཀྱང་འདི་ལོ་ཕྱི་ཟླ་དང་པོའི་ནང་བོད་ཀྱི་རྒྱལ་ས་ལྷ་སའི་ནང་བོད་མི་ཚོར་དྲག་གནོན་བྱས་པ་མ་ཟད་བོད་མི་བརྒྱད་ཅུ་གྱ་གཅིག་འཛིན་བཟུང་བྱས་ཡོད་པ་དང་རིང་མིན་བོད་ཀྱི་ལོ་གསར་དང་ཕྱི་ཟླ་གསུམ་པའི་ནང་བོད་མིའི་རང་དབང་སྒེར་ལངས་བྱས་ནས་ལོ་ལྔ་བཅུ་འཁོར་བའི་སྐབས་ཞི་རྒོལ་གྱི་ཉེན་ཁ་མ་བཟོད་པར་ད་ལྟ་ནས་གདུག་རྩུབ་དྲག་གནོན་བྱེད་རྒྱུ་འགོ་འཛུགས་བྱས་ཡོད་ལུགས་སྐྱོན་བརྗོད་བྱས་འདུག མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དུས་ཚོད་ངེས་གཏན་གྱི་ཞིབ་འཇུག་ལྷན་ཚོགས་དེ་ཕྱི་ཟླ་གཉིས་པའི་ཚེས་དགུ་ཉིན་གནང་གཏན་འཁེལ་ཡོད་པ་ལྟར་ཚོགས་ཞུགས་རྒྱལ་ཁབ་༡༩༢ཡོད་པ་ཚང་མས་སོ་སོའི་སྙན་ཐོ་ཕུལ་གྱི་ཡོད་འདུག བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཁག་གིས་ཀྱང་ཚོགས་ཆེན་དེའི་ཐོག་བོད་ཀྱི་གནས་སྟངས་སྐོར་སྙན་ཐོ་ཟུར་དུ་ཕུལ་གྱི་ཡོད་འདུག