ཨ་རིའི་ལག་རྩེད་སྤོ་ལོ་རྩེད་འགྲན་པ་ཞིག་གིས་ཐེ་ཝན་རྒྱབ་ཁབ་ཞེས་བོས་བར་བརྟེན་རྒྱ་མི་མང་པོ་ཁོང་ཁྲོ་ལངས་འདུག

དེ་ཡང་རོཡེ་ཊར་གསར་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཨ་མི་རི་ཀའི་(NBA)་རྒྱལ་ཡོངས་ལག་རྩེད་སྤོ་ལོ་རྩེད་འགྲན་པ་ཟུར་པ་(Dwight Howard)་ཡིས་འདི་ཚེས་༡༠གཟའ་ལྷག་པའི་ཉིན། ཐེ་ཝན་གྱི་སྲིད་འཛིན་གཞོན་པ་དང་མཉམ་ཐེ་ཝན་ནང་ཡོང་མཁན་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པ་ཚོ་སྲིད་འཛིན་ལས་ཁུངས་ནང་ཞག་སྡོད་བྱེད་རྒྱུའི་དྲིལ་བསྒྲགས་ཀྱི་བརྙན་ཐུང་ཞིག་ཁྱབ་སྤེལ་བྱས་བའི་ནང་། ཁོང་གིས། ང་ད་ལྟ་ཐེ་ཝན་རྒྱལ་ཁབ་ནང་ཡོད་ལ་རྒྱལ་ཁབ་འདིའི་ནང་མྱོང་ཚོར་ཧ་ཅང་ཡག་པོ་འདུག་ཅེས་བཤད་པ་དེ། རྒྱ་ནག་གི་སྤྱི་ཚོགས་དྲྭ་རྒྱ་ཝེ་པོ་ནང་གཟའ་པ་སངས་བར་མི་མང་ས་ཡ་༤༠༠་ཙམ་གྱིས་ལྟ་ཀློག་བྱས་ཡོད་པ་དང་། མང་པོ་ཞིག་གིས་ཁོང་གིས་ཐེ་ཝན་རྒྱལ་ཁབ་ཅེས་གསུངས་པ་དེར་སྐྱོན་བརྗོད་བྱེད་བཞིན་ཡོད་འདུག
རྒྱ་ནག་གཞུང་གིས་ནམ་རྒྱུན་ཐེ་ཝན་དེ་བཞིན་རྒྱ་ནག་དང་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཞིག་ཡིན་པ་དང་། རིང་པོར་མ་སོང་བར་རྒྱ་ནག་སྐམ་ས་ཆེན་པོ་མཉམ་ཟླ་བསྒྲིལ་གཏོང་རྒྱུ་ཡིན་ལུགས་བཤད་པ་དང་ཆབས་ཅིག རྒྱལ་ཁབ་སུ་འདྲ་ཞིག་གིས་ཀྱང་ཐེ་ཝན་ལོགས་སུ་རྒྱལ་ཁབ་ཡིན་པའི་ངོས་འཛིན་དང་མིང་ཚིག་བེད་སྤྱོད་བྱེད་རྒྱུར་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད།
ཡང་བརྙན་ཐུང་དེའི་ནང་ཐེ་ཝན་གྱི་སྲིད་འཛིན་གཞོན་པ་(William Lai)་ཡིས། ཐེ་ཝན་ནི་རང་བཙན་ལྡན་པའི་རྒྱལ་ཁབ་ཡིན་ཅེས་གསུངས་ཡོད་འདུག ཁོང་ནི་འཆར་ལོའི་སྲིད་འཛིན་འོས་བསྡུའི་འགྲན་བསྡུར་ཁྲོད་ཀྱི་འོས་མི་གྲས་ཡིན་པ་རེད།
གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།