རྒྱ་ནག་གཞུང་གིས་དྲྭ་རྒྱའི་སྒྲིག་ཁྲིམས་འདྲ་མིན་བཟོས་བ་བརྒྱུད་བོད་ནང་གི་དྲྭ་རྒྱའི་རང་དབང་ལ་སྟངས་འཛིན་བྱེད་བཞིན་ཡོད་འདུག

2023.11.22
རྒྱ་ནག་གཞུང་གིས་དྲྭ་རྒྱའི་སྒྲིག་ཁྲིམས་འདྲ་མིན་བཟོས་བ་བརྒྱུད་བོད་ནང་གི་དྲྭ་རྒྱའི་རང་དབང་ལ་སྟངས་འཛིན་བྱེད་བཞིན་ཡོད་འདུག རྒྱ་ནག་གི་དྲྭ་རྒྱའི་བདེ་འཇགས་བཅའ་ཁྲིམས་ཀྱི་དེབ།
བོད་འབྱོར།/RFA

ཕྱི་ཟླ་༡༡་པའི་ཚེས་༡༠ཉིན་རྒྱ་ནག་དབུས་གཞུང་དྲྭ་རྒྱའི་ཆ་འཕྲིན་ཁང་ཟེར་བས། རྒྱ་ནག་རྒྱལ་ཡོངས་དྲྭ་རྒྱའི་སྤྱོད་ངན་བཅོས་སྒྲིག་གི་སྤྱོད་ངན་ལས་འགུལ་སྤེལ་རྒྱུ་ཡིན་པའི་བརྡ་ཐོ་ཞིག་སྤེལ་ཡོད་པ་དང་། བརྡ་ཐོའི་ནང་ས་ཁུལ་སོ་སོའི་གནས་བབ་ལ་གཞིགས་ནས་སྤྱི་ཚོགས་དྲྭ་ལམ་དང་སྐད་འཕྲིན་གླེང་སྟེགས། ཐད་གཏོང་སོགས་སུ་དཀྲོག་གཏམ་བཟོ་བ་དང་། སྤྱི་ཚོགས་བརྗོད་གཞི་འདྲ་མིན་གྱི་དོན་རྐྱེན་སློང་བ། བཅོས་མའི་རིག་ནུས་སྤྱད་ནས་པར་རིས་འདྲ་མིན་དང་གནས་ཚུལ་འདྲ་མིན་བཟོ་བ་སོགས་ལ་ཞིབ་བཤེར་དང་རྡུང་རྡེག་ནན་མོ་བྱ་རྒྱུ་ཡིན་པ་བསྒྲགས་ཡོད་པ་དང་། དེའི་ཐད་བོད་དོན་ལས་འགུལ་ཁང་གི་དྲྭ་རྒྱའི་ཉམས་ཞིབ་འགན་འཛིན་སྲི་ཐར་བློ་བཟང་རྒྱ་མཚོ་ལགས་ནས། རྒྱ་ནག་གཞུང་གིས་ནམ་རྒྱུན་སྤྱི་ཚོགས་དྲྭ་ལམ་གྱི་ཁོར་ཡུག་ལེགས་པོ་ཡོང་ཆེད་ཡིན་སྐོར་ལ་ཁ་གཡར་ནས་ཁྲིམས་སྒྲིག་འདྲ་མིན་བཟོ་བ་དང་། སྒྲིག་ཁྲིམས་དེ་དག་བརྒྱུད་བོད་ནང་ལག་བསྟར་སྐབས་བོད་མིའི་ཚོའི་སྤྱི་ཚོགས་དྲ་ལམ་ཁག་ལ་དམ་དྲག་ཆེ་རུ་གཏོང་ཐབས་བྱེད་བཞིན་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ཐེངས་འདིར་རྒྱ་ནག་གཞུང་གིས་བཏང་བའི་བརྡ་ཐོ་དེའི་ནང་། བྱ་བའི་དམིགས་འབེན་ཁ་གསལ་བཟོ་རྒྱུ། གནད་དོན་འབུར་ཐོན་རིགས་བདུན་བཅོས་སྐྱོང་བྱ་རྒྱུ། སྒྲིག་འགལ་ལས་སྟེགས་སོགས་ལ་ཆད་པ་ནན་མོ་གཅད་རྒྱུ། བྱ་བའི་བླང་བྱ་ཞིབ་ཕྲ་བཟོ་བ་ཟེར་བ་བཅས་དོན་ཚན་བཞི་དང་ནང་གསེས་ལེའུ་༡༥་ཡོད་པ་ལས། ནང་དོན་གཙོ་བོ་དྲྭ་རྒྱའི་ཐད་གཏོང་ལམ་ནས་སྤྱོད་ལམ་འདྲ་མིན་སྟོན་བཞིན་པ་གཙང་བཟོ་དང་། རྒྱ་ཆེའི་དྲྭ་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་ཆེད་ཡིན་སྐོར་བཀོད་ཡོད་ཀྱང་། གནད་དོན་འབུར་ཐོན་རིགས་བདུན་བཅོས་སྐྱོང་བྱ་རྒྱུ་ཟེར་བའི་ནང་། ཡི་གེ་དང་སྒྲ་སོགས་ལ་བརྟེན་ནས་བསམ་ངན་གྱིས་སྐད་ཆ་རྫུན་བཟོ་བྱས་ཏེ་དྲྭ་རྒྱའི་ཁོར་ཡུག་ལ་གཏོར་བརླག་བཟོ་དང་འགལ་ཟླ་སློང་བ། དྲྭ་ཚིགས་ཀྱི་སྟེགས་བུར་བསྒྲགས་ཡིག་དང་གླེང་གཞི། འོས་སྦྱོར། དཔྱད་གཏམ་སོགས་མི་ལེགས་པའི་ནང་དོན་ཁྱབ་སྤེལ་བྱེད་པ། བཅོས་མའི་རིག་ནུས་(AI)་སྤྱད་ནས་པར་རིས་རྫུན་མས་དཀྲོག་གཏམ་བཟོ་བ་སོགས་ནན་འགོག་བྱ་རྒྱུ་ཡིན་སྐོར་བཀོད་འདུག
བརྡ་ཁྱབ་དེ་བཞིན་ཕྱི་ལོ་༢༠༢༤ལོའི་ནང་ལག་བསྟར་བྱ་རྒྱུ་དང་། དུས་ཡུན་ཟླ་བ་གཅིག་རིང་དྲྭ་རྒྱའི་སྤྱོད་ངན་བཅོས་སྒྲིག་གི་ཆེད་དོན་ལས་འགུལ་སྤེལ་ཆེད་བརྡ་ཐོ་དེ་བཏང་བ་ཡིན་སྐོར་བཀོད་འདུག་ལ། ལས་འགུལ་དེ་སྤེལ་སྐབས་གནད་དོན་འཕྲད་རིགས་ལ་ཁྲིམས་ལྟར་ལེགས་བཅོས་དང་དངུལ་ཆད་དང་། མིང་མེད་པར་དྲ་རྒྱའི་ཚོགས་པ་རིགས་བཟོས་ཏེ་གླེང་སློང་བྱེད་རིགས་ལ་དྲ་རྒྱ་དང་སྒེར་གྱི་སྤྱི་ཚོགས་དྲ་ལམ་སྒོ་རྒྱག་རྒྱུ་ཟེར་བ་ལས། དངུལ་ཆད་ག་ཚོད་ཡིན་དང་ཆད་པ་ག་རེ་ཡོད་སོགས་ཞིབ་ཕྲའི་གནས་ཚུལ་བཀོད་མེད་པ་དང་། སྲི་ཐར་བློ་བཟང་རྒྱ་མཚོ་ལགས་ཀྱིས་ཐེངས་འདིར་རྒྱ་ནག་གཞུང་གི་བཏང་བའི་བརྡ་ཐོ་དེའི་ནང་། དྲྭ་རྒྱའི་ཁོར་ཡུག་ཇེ་ལེགས་སུ་གཏོང་ཐབས་ཟེར་བ་ལས་ཁོར་ཡུག་ཡག་པོ་ག་འདྲ་བཟོ་མིན་དང་། སྤྱི་ཚོགས་དྲྭ་ལམ་ནང་གནས་ཚུལ་ག་འདྲ་ཞིག་སྤེལ་ཆོག་མིན་སོགས་ཞིབ་ཕྲའི་གནས་ཚུལ་གང་ཡང་མེད་པས། དོགས་པ་ཡོང་གཞི་ཞིག་དང་བོད་ནང་ལྟ་བུར་ལག་བསྟར་སྐབས་བེད་སྤྱོད་ལོགས་པར་གཏོང་རྒྱུའི་འཆར་གཞི་ཡོད་པ་ཞིག་མཐོང་གི་ཡོད་པ་བརྗོད་བྱུང་།
རྒྱ་ནག་གཞུང་གིས་སྤྱི་ཚོགས་བདེ་འཇགས་དང་རྒྱལ་ཁབ་ཀྱི་གསང་བའི་བདེ་འཇགས། དེ་བཞིན་མི་མང་གི་སྤྱི་ཚོགས་དྲྭ་ལམ་ཁེ་དབང་སྲུང་སྐྱོབ་ཞེས། འདས་པའི་ལོ་ཤས་ནས་བཟུང་དྲྭ་ལམ་བེད་སྤྱོད་ལ་ཁྲིམས་སྒྲིག་སྣ་ཚོགས་བཟོས་ཏེ། མི་མང་ལ་དམ་དྲག་དང་ལྷག་པར་དུ་བོད་ནང་སྤྱི་ཚོགས་དྲྭ་ལམ་བརྒྱུད་ཕྱི་ཕྱོགས་སུ་འབྲེལ་བ་བྱས་སྐོར་གྱི་ཉེས་མིང་འོག་མི་སྣ་འཛིན་བཟུང་དང་། འདི་ལོའི་ཕྱི་ཟླ་༣ནང་བོད་ཀྱི་རྒྱལ་ས་ལྷ་སའི་ཁུལ་དུ་བོད་མི་ཚོར་ཕྱི་ཕྱོགས་སུ་འབྲེལ་བ་བྱས་མི་ཆོག་སྐོར་བརྗོད་ནས། གང་བྱུང་ཞིབ་བཤེར་བྱས་ཡོད་པ་དང་། དཔེར་ན། ཕྱི་ལོ་༢༠༢༢་ལོར་གཞིས་ཀ་རྩེ་གྲོང་ཁྱེར་ནས་ཡིན་པ་སྤེན་པ་ཚེ་རིང་ལགས་སུ་ཁ་བྲལ་བར་འབྲེལ་བ་ཡོད་སྐོར་དང་། ༧གོང་ས་མཆོག་གི་སྐུ་པར་དྲྭ་ལམ་ནས་བརྒྱུད་བསྐུར་བྱས་སྐོར་བརྗོད་ནས་འཛིན་བཟུང་དང་། རྗེས་སུ་ཀློད་གྲོལ་བཏང་རྗེས་མུ་མཐུད་བསུན་གཙེར་དང་གྲོང་ཚོ་ཡོངས་སུ་སྤྲོད་བཞིན་པའི་རོགས་སྐྱོར་ཁ་གསབ་དངུལ་མི་སྤྲོད་པ་སོགས་ཀྱི་གནས་སྟངས་བྱུང་ཡོད་པ་རེད།


གསར་འགོད་པ། ཡེ་ཤེས་ཟླ་བ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎