རྒྱ་ནག་གི་དངུལ་ལོར་འཛའ་ཐང་གི་གནད་དོན་སྐོར།
2010.06.17
༄༅༎ཁེ་ན་ཌའི་ནང་འབྱོར་ལྡན་རྒྱལ་ཁབ་༢༠འི་དཔལ་འབྱོར་གྱི་ལྷན་ཚོགས་རན་པའི་སྔོན་ཚུད་དུ་རྒྱ་ནག་གི་སྲིད་འཛིན་ཧུ་ཅིན་ཏའོས་ལྷན་ཚོགས་དེའི་སྐབས་རྒྱ་ནག་གི་ཤོག་སྒོར་གྱི་འཛའ་ཐང་བཅག་གཅོག་གི་གནད་དོན་སྐོར་བགྲོ་གླེང་གནང་རྩིས་མེད་པའི་སྐོར་སྔོན་བརྡ་བཏང་ཡོད་པ་རེད།
ཨ་རི་དང་ཡོ་རོབ་དེ་བཞིན་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཐེ་བས་རྒྱལ་སྤྱིའི་འབྱོར་ལྡན་རྒྱལ་ཁབ་༢༠འི་ལྷན་ཚོགས་དེ་བཞིན་ཕྱི་ཚེས་༢༦ནས་༢༧བར་ཉིན་གཉིས་ཀྱི་རིང་ཁེ་ན་ཌའི་རྒྱལ་ས་ཨོ་ཀྲ་ལྦ་རུ་གནང་རྒྱུ་ཡིན་ཞིང་ རྒྱ་ནག་གི་ཕྱི་འབྲེལ་ལས་ཁུངས་ཀྱི་མགྲིན་ཚབ་པ་ཆིན་ཀང་གིས་ལྷན་ཚོགས་འགོ་འཛུགས་མ་བྱས་གོང་ཚེས་༢༣ཉིན་སྲིད་འཛིན་ཧུ་ཅིན་ཐའོ་ཁེ་ན་ཌའི་ནང་ཉིན་ལྔའི་རིང་རྒྱལ་དོན་འཚམས་གཟིགས་ཕེབས་རྒྱུ་ཡིན་པར་གསལ་དོན་བྱས་འདུག རྒྱལ་སྤྱིའི་ཡུལ་ཁག་ཚོས་རྒྱ་ནག་དང་ཚོང་འབྲེལ་གྱི་རྩོད་གླེང་ནང་རྒྱ་ནག་གཞུང་གིས་རྒྱ་ནག་གི་ཡུའན་ཤོག་སྒོར་གྱི་རིན་ཐང་དམའ་པོ་བཞག་སྟེ་ཕྱི་ཕྱོགས་སུ་དངོས་ཟོག་རྒྱ་ནག་ནང་ཚོང་འགྲེམས་བྱེད་སྐབས་ཚོང་འབྲེལ་ཆ་མཉམ་མེད་པར་དཔལ་འབྱོར་གྱི་གྱོང་གུན་གཏོང་གི་ཡོད་པར་མང་པོས་སྐྱོན་བརྗོད་དང་འབྲེལ་ཡུའན་ཤོག་སྒོར་གྱི་འཛའ་ཐང་དེ་ཁྲོམ་རའི་འཛའ་ཐང་དང་གཅིག་གྱུར་གཏན་འབེབས་བྱེད་དགོས་པའི་དགོས་འདུན་ཡང་སེ་གླེང་སློང་ཡོད་པ་རེད། ཡིན་ཡང་རྒྱ་ནག་གཞུང་ཕྱོགས་ནས་རིང་མིན་འབྱོར་ལྡན་རྒྱལ་ཁབ་༢༠འི་ལྷན་ཚོགས་འདིའི་སྐབས་ཡུའན་ཤོག་སྒོར་གྱི་འཛའ་ཐང་བཅག་གཅོག་སྐོར་བགྲོ་གླེང་བྱ་རྩིས་མེད་པའི་སྐོར་ད་ལྟ་ནས་སྔོན་བརྡ་བཏང་བཞག དེ་ཡང་རྒྱ་ནག་ཕྱི་འབྲེལ་ལས་ཁུངས་ཀྱི་མགྲིན་ཚབ་པ་ཆིན་ཀང་གིས་འབྱོར་ལྡན་རྒྱལ་ཁབ་༢༠འི་ལྷན་ཚོགས་འདི་བཞིན་ཡུའན་ཤོག་སྒོར་གྱི་འཛའ་ཐང་བགྲོ་གླེང་བྱ་སའི་གླེང་སྟེགས་རན་པོ་མེད་པ་དང་ རྒྱ་ནག་གཞུང་གི་ངོས་ནས་ད་རེས་ཀྱི་ལྷན་ཚོགས་འདིའི་སྐབས་རྒྱལ་སྤྱིའི་ཐོག་དཔལ་འབྱོར་སྐྱར་གསོའི་བརྒྱུད་རིམ་ནང་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཚོས་རྒྱལ་སྤྱིའི་མ་དངུལ་ཐེབས་རྩ་ཁང་གི་ལས་དོན་ནང་འགན་དབང་ཆེ་ཙམ་ལེན་ཕྱོགས་སྐོར་བཀའ་བསྡུར་བྱ་རྩིས་ཡོད་པ་བཅས་གསལ་འདོན་བྱས་ཡོད་པ་རེད། གནས་ཚུལ་ནང་གསལ་ལྟར་ན་ རྒྱ་ནག་གི་སྲིད་འཛིན་ཧུ་ཅིན་ཐའོ་ཁེ་ན་ཌའི་ནང་མ་འབྱོར་གོང་ད་ལྟ་ནས་རྒྱལ་ས་ཨོ་ཀྲ་ལྦའི་ནང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་སྲིད་འཛིན་ཧུ་ཅིན་ཐའོ་འཚམས་གཟིགས་ཕེབས་སྐབས་ངོ་རྒོལ་གྱི་འདུ་འཛོམས་འགོ་འཛུགས་བྱ་བཞིན་ཡོད་པ་རེད༎