ཞི་ཅིན་ཕིན་རྒྱ་གར་ནང་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ཚོགས་ཆེན་སྟེང་བཅར་མིན་གཏན་འཁེལ་མི་འདུག
རིང་མིན་སྤྱི་ཟླ་༩པའི་ཚེས་༩་དང་༡༠ཉིན་གྲངས་གཉིས་རིང་། རྒྱ་གར་གཞུང་གིས་མགྲོན་བདག་བྱས་བའི་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་(G20)་དབུ་ཁྲིད་རྣམ་པའི་ཚོགས་ཆེན་དེ་བཞིན་ཚོགས་གཏན་འཁེལ་ཡོད་པ་དང་། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱིས་རྒྱ་གར་གྱི་ཕྱི་སྲིད་ལས་ཁུངས་ལ་ཞལ་པར་བརྒྱུད་འབྲེལ་བ་ཞུས་ཏེ། ཐེངས་འདིའི་ཚོགས་ཆེན་ཐོག་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་བཅར་གྱི་ཡོད་མེད་བཅར་འདྲི་ཞུས་པར། ད་ལྟའི་ཆར་གནད་དོན་དེ་དང་འབྲེལ་བའི་སྐོར་གང་ཡང་ཞུ་རྒྱུ་མིན་ཞེས་གསུངས་བྱུང་།
དེ་དང་ཕྱོགས་མཚུངས་ཞི་ཅིན་ཕིན་ད་རེས་ཀྱི་ཚོགས་ཆེན་ཐོག་ཧ་ལམ་བཅར་གྱི་མེད་པའི་སྐོར་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ནང་གནས་ཚུལ་སྤེལ་འདུག་པའི་ནང་། ཚེས་༣༡ཉིན་(Reuters)་གསར་སྤེལ་ཁང་གིས་སྤེལ་བའི་གནས་ཚུལ་ནང་། རྒྱ་ནག་ནང་གནས་སྡོད་རྒྱ་གར་གྱི་ཕྱི་འབྲེལ་མི་སྣ་ཞིག་དང་། སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་(G20)་ཚོགས་ཆེན་དང་འབྲེལ་བ་ཡོད་པའི་མི་སྣ་གཅིག་བཅས་རྒྱ་གར་གྱི་གནད་ཡོད་མི་སྣ་གཉིས་ཀྱིས། ད་རེས་ཚོགས་ཆེན་ཐོག་རྒྱ་ནག་སྲིད་བློན་ལི་ཆང་(Li Qiang)་པེ་ཅིན་གཞུང་གི་ཚབ་ཞུས་ཏེ་བཅར་གྱི་ཡོད་པ་བརྗོད་འདུག
རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་ནག་ཉམས་ཞིབ་ལྟེ་གནས་ཁང་གི་འགན་འཛིན་སྐུ་ཞབས་(Jayadeva Ranade)་ལགས་ཀྱིས་གནད་དོན་དེ་དང་འབྲེལ་བའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ད་རེས་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཁག་གི་ཚོགས་ཆེན་ཐོག་མ་བཅར་བ་ཡིན་ན། རྒྱལ་སྤྱིའི་རང་བཞིན་གྱི་ཚོགས་ཆེན་གལ་ཆེན་ཞིག་གི་གོ་སྐབས་མང་པོ་ཞིག་ཤོར་འགྲོ་ཡི་ཡོད་པ་མ་ཟད། རིམ་པས་རྒྱ་ནག་དེ་བཞིན་ཁེར་རྐྱང་རང་བཞིན་གྱི་གནས་སུ་གྱུར་སྲིད་པ་ཞིག་རེད། ཕྱོགས་གཞན་ཞིག་ནས། ད་རེས་ཞི་ཅིན་ཕིན་མ་བཅར་བ་ཡིན་ན་རྒྱ་གར་དང་རྒྱ་ནག་གཉིས་ཀྱི་ཕྱི་འབྲེལ་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་མཚོན་ཐུབ་ལ། ལྷག་དོན་དུ་རྒྱ་ནག་ནང་དུ་ཞི་བདེ་བརྟན་བརླིང་མེད་པ་གསལ་པོ་རེད་ཅེས་འགྲེལ་བརྗོད་གནང་བྱུང་།
རྒྱལ་ས་ལྡི་ལིར་ཚོགས་ལ་ཉེ་བའི་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་༢༠ཡི་ཚོགས་ཆེན་ཐོག་ཨ་མི་རི་ཀའི་སྲིད་འཛིན་(Joe Biden)་དང་། ཁེ་ན་ཌའི་སྲིད་བློན་(Justin Trudeau) དབྱིན་ཡུལ་གྱི་སྲིད་བློན་(Rishi Sunak)་སོགས་ཆེད་ཕེབས་གནང་གི་ཡོད་པ་རེད། ཡིན་ན་ཡང་། ར་ཤེ་ཡའི་སྲིད་འཛིན་(Vladimir Putin)་ བཅར་རྒྱུ་མིན་པར། ཚབ་ཏུ་ཕྱི་སྲིད་བློན་ཆེན་བཅར་རྒྱུ་ཡིན་པ་ཐག་ཆོད་འདུག
གཞན་ཡང་འདི་གའི་རླུང་འཕྲིན་ཁང་གིས་ལྡི་ལིར་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཁང་ལ་གོང་ཞུས་གནད་དོན་དང་འབྲེལ་བའི་སྐོར་བཅར་འདྲི་ཡོང་ཐབས་ཞུས་ཀྱང་ལན་འདེབས་གནང་མ་བྱུང་།
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།