ཐེན་ཅིན་གྲོང་ཁྱེར་ནང་ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་མི་ཚོགས་འཛོམས་ཡུལ་མང་པོ་སྒོ་རྒྱབ་འདུག
དེ་ཡང་བདུན་ཕྲག་འདིའི་ནང་རྒྱ་ནག་བྱང་ཕྱོགས་ཀྱི་མཚོ་ཁའི་གྲོང་ཁྱེར་ཐེན་ཅིན་(Tianjin)་གྲོང་ཁྱེར་ནང་(COVID 19)་ཏོག་དབྱིབས་ནད་ཡམས་ཀྱི་རྣམ་པ་འགྱུར་བའི་རིམས་ནད་(Omicron)་འགོས་ཡོད་པའི་ནད་པ་བཅུ་གྲངས་ཞིག་གསར་དུ་ཐོན་པའི་རྗེས། རེས་གཟའ་ཟླ་བའི་ཉིན། གྲོང་སྡེ་ལས་ཁུངས་ནས་གྲོང་ཁྱེར་གྱི་རྗོང་ཁག་གཉིས་ནང་མི་མང་འདུ་འཛོམས་ཆེ་བའི་ཟ་ཁང་དང་། ཆང་ཁང ་། གློག་བརྙན་ཁང་། སྤྱི་གླིང་ལ་སོགས་པའི་མི་མང་འདུ་འཛོམས་བྱེད་ཡུལ་དང་། དེ་བཞིན་སྔོན་འགྲོའི་སློབ་གྲྭ་དང་ཟུར་སྦྱོང་སློབ་གྲྭ་སོགས་སྒོ་རྒྱབ་ཏུ་བཅུག་ཡོད་པ་རོའུ་ཊར་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག
ཐེན་ཅིན་(Tianjin)་གཙོས་པའི་རྒྱ་ནག་གི་ས་ཁུལ་གཞན་ནང་ཏོག་དབྱིབས་ནད་ཡམས་ཀྱི་ཁྱབ་ཚད་དེ་འཛམ་གླིང་གི་ཡུལ་གྲུ་གཞན་ལས་དམའ་བ་ཡིན་རུང་། རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་ཡམས་རྩ་མེད་བཟོ་རྒྱུའི་སྲིད་ཇུས་འོག་དམ་དྲག་གི་སྒྲིག་གཞི་མུ་མཐུད་ལག་བསྟར་བྱེད་བཞིན་པར་བརྟེན། རྒྱ་ནག་ནང་དཔལ་འབྱོར་དང་ཚོང་ལས་ཀྱི་བྱ་བཞག་ཡོངས་ལ་དོ་ཕོགས་ཤུགས་ཆེན་ཐེབས་བཞིན་ཡོད་པ་རེད།
(Nomura)་ཉམས་ཞིབ་ལྟེ་གནས་ཁང་གིས་བརྗོད་པར། རྒྱ་ནག་གཞུང་གི་ཏོག་དབྱིབས་ནད་ཡམས་རྩ་མེད་བཟོ་བའི་སྔོན་འགོག་སྒྲིག་གཞི་བཀོད་སྡོམ་བྱས་པའི་འོག ད་ལྟའི་ཆར་རྒྱ་ནག་གི་གྲོང་ཁྱེར་༤༡ནང་ཁྱོན་མི་འབོར་ས་ཡ་༢༦༤དམ་དྲག་གི་གནས་སྟངས་འོག་ཡོད་པ་གསལ་འདོན་བྱས་འདུག
རྒྱ་ནག་དབུས་འཕྲོད་བསྟེན་ལས་ཁུངས་ཀྱིས་བརྗོད་དོན་ལྟར་ན། ཉེ་ལམ་ཕྱི་ཚེས་༡༨བར་(Tianjin)་གྲོང་ཁྱེར་གཙོས་པའི་རྒྱ་ནག་སྐམ་ས་ཆེན་མོ་ཁྱོན་ཡོངས་སུ་ཏོག་དབྱིབས་ནད་ཡམས་གསར་དུ་འགོས་པ་མི་གྲངས་༦༩༩བྱུང་འདུག་ལ། དེའི་ནང་ནས་མང་ཆེ་བ་རྒྱ་ནག་ནུབ་བྱང་གི་ཀན་སུའུ་(Gansu)་ཞིང་ཆེན་དང་རྒྱ་ནག་ལྷོ་ཕྱོགས་ཀྱི་ཀོང་ཞིས་(Guangxi)་ཞིང་ཆེན་གཉིས་ནས་ཡིན་འདུག
གསར་འགོད་པ། དོན་གྲུབ་རྣམ་རྒྱལ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།