འཆི་མེད་ལྷ་མོ་ལགས་ཀྱིས་ཐེ་ཝན་དུ་ཨོ་སི་ལོ་རང་དབང་གླེང་སྟེགས་སྟེང་བོད་དོན་གཏམ་བཤད་གནང་འདུག

དེ་ཡང་ཕྱི་ལོ་༢༠༢༣ལོའི་ཨོ་སི་ལོ་རང་དབང་གླེང་སྟེགས་(Oslo Freedom Forum)་ཞེས་པ་དེ་ཟླ་བ་འདིའི་ཚེས་༡༨ཉིན་ཐེ་ཝན་གྱི་རྒྱལ་ས་ཐེ་པེའི་ནང་ཚོགས་ཡོད་པ་དང་། གླེང་སྟེགས་དེར་རྒྱལ་སྤྱིའི་སྟེང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་དང་། དམངས་གཙོ་དང་རང་དབང་རྩོད་ལེན་གནང་མཁན་གྱི་མི་སྣ་སྐད་གྲགས་ཅན་མང་པོ་ཞིག་ཚོགས་ཞུགས་གནང་བའི་སྟེང་། བཙན་བྱོལ་སྤྱི་ཚོགས་ཁྲོད་འཚར་ལོངས་བྱུང་བའི་བོད་དོན་ལས་འགུལ་བ་འཆི་མེད་ལྷ་མོ་ལགས་མཉམ་ཞུགས་ཀྱིས་འཛམ་གླིང་ཡང་རྩེ་རུ་འབོད་པའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་ལུགས་དད་མོས་རང་དབང་ཐད། རྒྱ་ནག་གཞུང་གིས་དམ་དྲག་ཆེན་པོ་བྱས་དང་བྱེད་བཞིན་པའི་གནས་སྟངས་དང་། དེ་བཞིན་བོད་ཀྱི་ཁོར་ཡུག་གི་ཐད་ནས་བོད་ནི་ཨེ་ཤེ་ཡའི་ཆུ་བོ་མང་པོ་ཞིག་གི་འབྱུང་ཁུངས་ཡིན་པས། དེའི་གཤམ་རྒྱུད་དུ་གནས་པའི་མི་མང་ཐེར་འབུམ་གཉིས་ལྷག་གི་འཐུང་ཆུ་འཚོ་གནས་དང་ཐད་ཀར་འབྲེལ་བ་ཡོད་པ་དང་། རྒྱ་ནག་གཞུང་གིས་ཆུ་བོ་དེ་དག་གི་ཐོག་ཆུ་མཛོད་བཟོ་སྐྲུན་སོགས་ཀྱི་ལས་གཞི་ལས་མ་འོངས་པར་མི་མང་དུང་ཕྱུར་མང་པོར་དཀའ་ངལ་འཕྲད་སྲིད་པའི་ཉེན་ཁ་ཡོང་བཞིན་པ་དང་། དེ་བཞིན་རྒྱ་ནག་གཞུང་གིས་བོད་མིའི་ཐོག་དམ་དྲག་ཇི་ལྟར་བྱས་མིན་ལ་མ་བལྟོས་བར་བོད་ནང་གི་བོད་མི་རྣམས་ཀྱིས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དད་པ་རྩེ་གཅིག་གིས་བློ་སེམས་འགྱུར་བ་མེད་པ་བྱེད་བཞིན་པ་དང་། ལོ་ཤས་སྔོན་ལ་བོད་ས་ཡོངས་ནས་བོད་མི་ཚོས་༧གོང་ས་མཆོག་གི་བཀའ་དགོངས་བཞིན་རི་དྭགས་རྩ་ཆེན་གྱི་པགས་རིགས་རྒྱན་གོས་མེར་བསྲེག་གིས་གྱོན་མཚམས་བཞག་པ་སོགས་ལུང་འདྲེན་གྱིས་གསལ་བཤད་གནང་འདུག
དེ་མིན་དེང་སྐབས་བོད་ནང་བལྟོས་ཚོད་ཀྱིས་ནང་ཆོས་ལ་དད་པ་བྱེད་ཆོག་པའི་རྣམ་པ་ཞིིག་སྟོན་གྱི་ཡོད་ཀྱང་། དོན་དངོས་ཐོག་ནང་ཆོས་ཉམས་ལེན་སློབ་གཉེར་ཐད་དམ་དྲག་ཆེན་པོ་བྱས་ནས། བོད་ཀྱི་དགོན་སྡེ་མང་པོ་ཞིག་ཡུལ་སྐོར་སྤྲོ་འཆམ་བྱེད་ཡུལ་དུ་བསྒྱུར་བཞིན་པ་དང་། དེ་བཞིན་བོད་ནང་གི་བོད་མིས་དད་སེམས་དང་བློ་སྟོབས་ནི་ཁོང་གི་རང་དབང་འཐབ་རྩོད་ཀྱི་འབྱུང་ཁུངས་ཡིན་པས་ནམ་ཞིག་བོད་ལ་རང་དབང་ཐོབ་པར་ཡིད་ཆེས་ཡོད་པ་སོགས་བོད་དོན་གཏམ་བཤད་གནང་འདུག
འཆི་མེད་ལྷ་མོ་ལགས་ནི་ཁེ་ཎ་ཌའི་གྲོང་ཁྱེར་ཊོ་རོན་ཊོའི་ནང་གནས་བཞུགས་གནང་མཁན་བོད་དོན་ལས་འགུལ་བ་ཞིག་ཡིན་པ་དང་། ཁོང་མོས་ད་བར་ཊོ་རོན་ཊོ་གྲོང་ཁྱེར་གྱི་(Parkdale)་ས་གནས་ཀྱི་སྤྱི་ཚོགས་འཕྲོད་བསྟེན་དང་། དཔལ་འབྱོར་ཞབས་ཞུའི་ལས་དོན་ནང་ཞིབ་འཇུག་གི་ལས་ཀ་གནང་བ་དང་། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཚོགས་པའི་རྒྱུན་ལས། བོད་རང་བཙན་སློབ་ཕྲུག་ཚོགས་པའི་རྒྱུན་ལས། ཊོ་རོན་ཊོ་བོད་རིགས་སྤྱི་མཐུན་ཚོགས་པའི་རྒྱུན་ལས། དེ་བཞིན་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་ངོ་རྒོལ་གྱི་ལས་འགུལ་རབ་དང་རིམ་པ་མང་པོ་ཞིག་གོ་སྒྲིག་དང་མཉམ་ཞུགས་སྣེ་ཁྲིད་གནང་ཡོད་པ་རེད།
གསར་འགོད་པ། ལྕགས་མོ་འཚོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།