ཨ་རིའི་རྒྱལ་སར་ཡོད་པའི་བོད་དང་ཐེ་ཝན་གྱི་སྐུ་ཚབ་དོན་གཅོད་རྣམ་གཉིས་མཇལ་འཕྲད་གནང་འདུག

ཨ་མི་རི་ཀའི་རྒྱལ་ས་ཝ་ཤིང་ཀྲོན་ནང་རྟེན་གཞི་བྱས་པའི་བྱང་ཨ་མི་རི་ཀའི་བོད་ཀྱི་སྐུ་ཚབ་དོན་གཅོད་འབུམ་རམས་པ་རྣམ་རྒྱལ་ཆོས་གྲུབ་ལགས་ཀྱིས་༢༠༢༤ཟླ་༤ཚེས་༢༣་རེས་གཟའ་མིག་དམར་ཉིན། ཨ་མི་རི་ཀའི་ནང་གི་ཐེ་ཝན་གྱི་སྐུ་ཚབ་དོན་གཅོད་གསར་པ་ཨེལེཀ་སན་ཌར་ཡུའི་(Alexander Yui)་ལགས་དང་མཇལ་འཕྲད་གནང་ཡོད་པ་དང་། སྐུ་ཚབ་དོན་གཅོད་འབུམ་རམས་པ་རྣམ་རྒྱལ་ཆོས་གྲུབ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ད་རེས་བོད་དང་ཐེ་ཝན་སྐུ་ཚབ་དོན་གཅོད་གསར་པ་རྣམ་པ་གཉིས་གཞུང་འབྲེལ་མཇལ་འཕྲད་གནང་བ་ཐོག་མ་དེ་ཡིན་པ་དང་། མཇལ་འཕྲད་སྐབས་ཕྱོགས་གཉིས་ཕན་ཚུན་བར་ངོ་སྤྲོད་གནང་བ་དང་སྦྲགས། བོད་དང་ཐེ་ཝན་བར་གྱི་འབྲེལ་བའི་གནད་དོན་སོགས་ཀྱི་ཐད་གླེང་མོལ་གནང་ཡོད་འདུག
ད་དུང་སྐུ་ཚབ་དོན་གཅོད་མཆོག་གིས་གསུངས་ན། ཨ་མི་རི་ཀའི་ནང་ཡོད་པའི་ཐེ་ཝན་གྱི་དེ་སྔའི་སྐུ་ཚབ་དོན་གཅོད་དང་བྱང་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་བར་སྔོན་མ་ནས་འབྲེལ་བ་ཡག་པོ་ཡོད་པ་དང་། ཁོང་ནི་རྒྱུན་དུ་ནས་བོད་དོན་ཐད་ཐུགས་འཁུར་ཆེན་པོ་གནང་མཁན་ཞིག་ཡིན་འདུག
གོང་བརྗོད་ཐེ་ཝན་གྱི་སྐུ་ཚབ་དོན་གཅོད་གསར་པ་ཨེལེཀ་སན་ཌར་ཡུའི་(Alexander Yui)་ཡིས་སྔ་ལོ་ཕྱི་ཟླ་ ༡༢ ནང་ཨ་མི་རི་ཀའི་ནང་གི་ཐེ་ཝན་སྐུ་ཚབ་དོན་གཅོད་ཀྱི་ཐུགས་འགན་བཞེས་གནང་ཡོད་པ་རེད།།
གསར་འགོད་པ། དབྱངས་སྒྲོན།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།