འཆི་མེད་ལྷ་མོ་ལགས་ཁེ་ཎ་ཌའི་ཀྲོ་རོན་ཀྲོའི་གྲོང་ཁྱེར་ལྷན་ཚོགས་འཐུས་མིའི་འོས་མིར་ལངས་འདུག
འདི་ཟླའི་ཚེས་༦ཉིན་བོད་མིའི་དབུ་ཁྲིད་༧གོང་ས་མཆོག་གི་འཁྲུངས་སྐར་ཉིན་དང་སྟབས་བསྟུན། ཁེ་ཎ་ཌའི་ནང་གནས་བཞུགས་བོད་དོན་ལས་འགུལ་བ་འཆི་མེད་ལྷ་མོ་ལགས་ཁེ་ཎ་ཌའི་གྲོང་ཁྱེར་ཀྲོ་རོན་ཀྲོའི་གྲོང་ཁྱེར་ཚོགས་ཁང་མདུན་ནས། (Parkdale)་དང་(highpark)་ས་གནས་ཀྱི་འཐུས་མིར་ལངས་རྒྱུའི་གསལ་བསྒྲགས་དང་མཉམ་དེབ་སྐྱེལ་གནང་ནས། ས་གནས་བོད་མི་ཚོས་ཁོང་མོ་གྲོང་ཁྱེར་ལྷན་ཚོགས་ཀྱི་འཐུས་མིར་ལངས་བར་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུས་གནང་སོང་། དེ་བཞིན་ས་གནས་བོད་མི་ཚོས་ཁོང་མོར་འཚམས་འདྲི་དང་ཁོང་མོའི་སྙིང་སྟོབས་ལ་ཡིད་རང་བསྔགས་བརྗོད་གནང་ནས་མཇལ་དར་ཕུལ་བ་དང་སྦྲགས་ཞལ་འདེབས་གནང་བ་སོགས་ཀྱི་རྒྱབ་སྐྱོར་གནང་བཞིན་འདུག
ཁོང་མོ་གྲོང་ཁྱེར་ལྷན་ཚོགས་ཀྱི་ས་གནས་འཐུས་མིར་ལངས་དགོས་དོན་གཙོ་བོ་ནི། ལོ་གཉིས་ལྷག་རིང་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་ཀྱི་དཀའ་ངལ་འོག་ས་གནས་མི་མང་ལ་ཕྱོགས་མང་པོ་ནས་དཀའ་ངལ་འཕྲད་ཡོད་པ་སེལ་ཐབས་དང་། སྡོད་ཁང་གི་རིན་གོང་འཕར་བ་དང་། ས་གནས་ཀྱི་ཁོར་ཡུག་གནས་སྟངས་བཅས་ཀྱི་དཀའ་ངལ་རིགས་སེལ་ཐབས་ལ་ཞབས་འདེགས་ཞུ་ཐུབ་པའི་རེ་བ་གནང་བཞིན་ཡོད། སྤྱིར་(Parkdale)་དང་(highpark)་ས་གནས་ནས་གྲོང་ཁྱེར་ལྷན་ཚོགས་ཀྱི་འཐུས་མིའི་འོས་བསྡུར་ཞུགས་མཁན་ཁྱོན་འོས་མི་གསུམ་ཡོད་པ་དང་། དེའི་ཁྲོད་གྲོང་ཁྱེར་ལྷན་ཚོགས་ཀྱི་འཐུས་མི་གནང་བཞིན་པ་སྐུ་ཞབས་(Gord Perk)་ལགས་ནི་ལོ་མང་རིང་འཐུས་མི་གནང་མྱོང་མཁན་ཞིག་ཡིན་པ་མ་ཟད། དཔལ་འབྱོར་གྱི་རྒྱབ་སྐྱོར་དང་སྤྱི་ཚོགས་ནང་ཤུགས་རྐྱེན་ཡོད་མཁན་ཞིག་ཡིན་དུས། ཁོང་མོར་འོས་ཐོབ་མིན་བཤད་ཁག་པོ་ཡོད་མིན་ལ་མ་བལྟོས་པར་ས་གནས་མི་མང་གིས་རྒྱབ་སྐྱོར་གནང་ཚེ། ཁོང་མོའི་ངོས་ནས་ཞབས་འདེགས་ཞུ་ཐུབ་པའི་ཆོད་སེམས་ཡོད་པ་གསུང་བྱུང་།
ཀྲོ་རོན་ཀྲོའི་གྲོང་ཁྱེར་ལྷན་ཚོགས་ཀྱི་ས་གནས་འཐུས་མིའི་འོས་བསྡུ་དེ་བཞིན་སྤྱི་ཟླ་བཅུ་པའི་ཚེས་༢༤ཉིན་གནང་རྒྱུ་ཡིན་པ་དང་། གྲོང་ཁྱེར་ཀྲོ་རོན་ཀྲོ་ནང་ས་གནས་ཁག་ནས་ཁྱོན་བསྡོམས་གྲོང་ཁྱེར་ལྷན་ཚོགས་ཀྱི་འཐུས་མི་༢༥དང་། གྲོང་སྡེའི་སྤྱི་ཁྱབ་གཅིག་བཅས་འོས་འདེམས་གནང་དགོས་ཀྱི་ཡོད་པ་རེད་ལ། འཆི་མེད་ལྷ་མོ་ལགས་ནི་ཁུལ་དེར་བོད་མི་མང་ཤོས་གནས་སྡོད་བྱེད་ས་(Parkdale)་དང་(highpark)་ས་གནས་ནས་གྲོང་ཁྱེར་ལྷན་ཚོགས་ཀྱི་འཐུས་མིའི་འོས་མིར་ལངས་བཞིན་པ་རེད།
གསར་འགོད་པ། ཨྱོན།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།