ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་པ་གསར་པར་རྒྱ་མི་ཞིག་བསྐོ་བཞག་བྱས་འདུག

2022.12.13
ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་པ་གསར་པར་རྒྱ་མི་ཞིག་བསྐོ་བཞག་བྱས་འདུག ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་པ་གསར་པ། ཝང་ཆིང་།
Chinese State Media

རྒྱ་ནག་དམར་ཤོག་གཞུང་གི་དབང་བསྒྱུར་འོག་ཡོད་པའི་བོད་རང་སྐྱོང་ལྗོངས་ཟེར་བའི་ཁོངས་ཀྱི་ས་གནས་ཁག་ནང་། ཉིན་ཤས་རིང་ས་ཁུལ་གྱི་ཆབ་སྲིད་གྲོས་ཚོགས་དང་མི་དམངས་འཐུས་མི་ཚོགས་ཆེན་ཟེར་བ་སྐོང་ཚོགས་བྱས་རྗེས། ལྷ་ས་དང་གཞིས་རྩེ། ཆབ་མདོ་སོགས་ཀྱི་གྲོང་ཁྱེར་གྱི་དཔོན་རིགས་ཁག་བསྐོ་བཞག་བྱས་པའི་ཁོངས་སུ་ཕྱི་ཟླ་༡༢ཚེས་༡༣ཉིན་ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་ཏུ་ཝང་ཆིང་ཟེར་བའི་རྒྱ་མི་ཞིག་གསར་དུ་བསྐོ་བཞག་བྱས་བ་རྒྱ་ནག་གི་གཞུང་འབྲེལ་གསར་ལམ་ཁག་ནང་ཐོན་འདུག
ཝང་ཆིང་ནི་༢༠༡༩ལོར་པེ་ཅིང་ནས་ལྷ་སར་བོད་སྐྱོར་ལས་བྱེད་པའི་མིང་ཐོག་ནས་སླེབས་པ་ཞིག་ཡིན་འདུག་པ་དང་། ལྷ་ས་གྲོང་ཁྱེར་སྲིད་གཞུང་གི་དམར་ཤོག་ཚོགས་པའི་དྲུང་ཆེ་ཡང་རེད་འདུག ཡང་སྤྱི་ཁྱབ་གཞོན་པ་བཅུ་གཅིག་བསྐོ་བཞག་བྱས་པའི་མིང་གཞུང་བཏོན་ཡོད་པའི་ནང་བོད་མི་གསུམ་ལས་མེད་ཅིང་། དེའི་འཕྲོས་མི་བརྒྱད་པོ་དེ་དག་རྒྱ་མི་རེད་འདུག
རྒྱ་ནག་གིས་བོད་ཡོངས་རྫོགས་དབང་བསྒྱུར་བྱས་རྗེས། ༡༩༥༩ལོར་ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་དུ་སྐབས་དེ་དུས་ཀྱི་རྒྱ་གཞུང་གི་བོད་ལ་ཡོད་པའི་དམག་དོན་དོ་དམ་ལྷན་ཁང་གི་འགན་འཛིན་ཏེང་ཧྲའོ་ཏུང་ཟེར་བར་ཞིག་བསྐོ་བཞག་བྱས་འདུག་པ་དང་། དེའི་རྗེས་ལོ་རབས་བདུན་བཅུའི་ནང་རྒྱ་མི་གཅིག་དང་། ཡང་༢༠༡༢ནས་༢༠༡༦བར་རྒྱ་མི་གཞན་ཞིག་བསྐོ་བཞག་བྱུང་བ་ལས་དེའི་འཕྲོས་ཀྱི་གྲོང་ཁྱེར་སྤྱི་ཁྱབ་ཏུ་བོད་མི་ཤ་སྟག་བསྐོ་བཞག་བྱས་པ་བོད་ནས་རྒྱ་ནག་གཞུང་འབྲེལ་གྱི་དྲ་གནས་ཁག་ནང་གནས་ཚུལ་སྤེལ་འདུག

image_6483441 (1).JPG
གཞན་ཡང་ཚེས་༡༣ཉིན་གཞིས་ཀ་རྩེ་གྲོང་ཁྱེར་གྱི་སྤྱི་ཁྱབ་ལ་རྒྱ་མི་ཝང་ཧྥང་ཧུང་ཟེར་བ་ཞིག་བསྐོ་བཞག་བྱས་ཡོད་འདུག་ཅིང་། ཁོང་གིས་དེ་སྔ་ཧུའུ་ནན་དང་ཀོང་ཞི་ཞིང་ཆེན་ནང་ལས་ཀ་བྱས་མྱོང་ཡོད་ཅིང་། ༢༠༢༠ལོར་བོད་དུ་ལས་བསྒྱུར་བྱས་པ་ཞིག་རེད་འདུག
ད་རེས་བོད་རང་སྐྱོང་ལྗོངས་ཟེར་བའི་ཁུལ་གྱི་གྲོང་ཁྱེར་ཆེ་ཤོས་གཉིས་ཀྱི་སྤྱི་ཁྱབ་ཏུ་རྒྱ་མི་བསྐོ་བཞག་བྱས་པ་དེའི་ཐད་བདེ་འཇགས་སྲུང་སྐྱོབ་ཆེད་མིང་འབོད་མ་བྱས་པའི་བོད་ནང་གི་བོད་མི་ཞིག་གིས། ཉེ་བའི་ལོ་ཤས་ནང་བོད་རང་སྐྱོང་ལྗོངས་ཟེར་བ་དང་ས་གནས་གྲོང་ཁྱེར་ཁག་གི་འགོ་ཁྲིད་དུ་མངོན་གསལ་དོད་པོས་རྒྱ་མི་རིགས་མང་དུ་གཏོང་བཞིན་པའི་སྲིད་བྱུས་ཀྱི་འོག་བོད་ཀྱི་རྒྱལ་ས་ལྷ་སའི་དཔོན་རིགས་རིམ་པའི་ནང་རྒྱ་མི་རིགས་མང་དུ་བཏང་ཡོད་འདུག་ལ། ས་གནས་མི་རིགས་རང་ཉིད་ཀྱིས་འཛིན་སྐྱོང་བྱེད་པའི་རང་སྐྱོང་གི་ཐོབ་ཐང་ཆུང་རུ་ཕྱིན་པ་དང་རྒྱ་མི་རིགས་ཀྱི་དབང་བསྒྱུར་ནུས་པ་ཆེ་རུ་ཕྱིན་པ་འདི་མཐོང་ཐུབ་རྒྱུ་ཡོད་པ་མ་ཟད། བོད་ནང་གི་རྒྱ་ནག་གཞུང་གི་ལས་ཁུངས་དང་ཚན་པ་ཁག་ནང་རྒྱ་ནག་ནས་རྒྱ་མི་སློབ་ཐོན་སློབ་མ་མང་པོ་སླེབས་པའི་ཐོག་རྒྱ་མི་དཔོན་རིགས་མང་པོས་རྒྱ་ནག་ནས་རང་རང་སོ་སོའི་མི་སྣ་བོད་དུ་ཁྲིད་ནས་ལས་བགོས་བྱེད་ཀྱི་ཡོད་པ་བརྗོད་ཀྱི་འདུག


གསར་འགོད་པ། སྐལ་ལྡན་བློ་གྲོས།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎