བོད་ནང་ཕྱིར་ལོག་མཁན་བོད་མི་ཚོར་རྒྱ་ནག་གཞུང་གིས་དབྱེ་འབྱེད་བྱེད་བཞིན་ཡོད་འདུག
དེ་ཡང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་སྙན་ཐོ་བཏོན་པའི་ནང་། ཕྱི་ཕྱོགས་ནས་བོད་ནང་ཕྱིར་ལོག་མཁན་བོད་མི་ཚོར་རྒྱ་ནག་གཞུང་གིས་དམ་དྲག་དང་དབྱེ་འབྱེད་བྱེད་བཞིན་ཡོད་པ་གསལ་སྟོན་དང་འབྲེལ། རྒྱ་ནག་གཞུང་གི་དབྱེ་འབྱེད་ཀྱི་བྱ་སྤྱོད་དེ་དག་མཚམས་འཇོག་དགོས་བའི་འབོད་སྐུལ་གནང་འདུག
སྙན་ཐོའི་ནང་། ཉེ་བའི་ཆར་རྒྱ་ནག་གཞུང་གིས་རྒྱ་གར་གཙོས་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་བོད་མི་ཚོ་བོད་ནང་བསྐྱོད་མཁན་ཚོར་མཐོང་མཆན་(Visa)་སྤྲོད་འགོ་ཚུགས་ཡོད་ཀྱང་། དེ་སྔ་བོད་ནས་གཉེན་འཕྲད་དང་གསུང་ཆོས་ཞུ་བར་བཅར་ནས་ཕྱིར་ལོག་མཁན་ཚོའི་ཐོག་དམིགས་བསལ་དམ་དྲག་དང་དབྱེ་འབྱེད་བྱེད་བཞིན་པའི་གནས་སྟངས་འོག ལས་ཀའི་གོ་སྐབས་དང་ས་གནས་ཀྱི་ཐེམ་ཐོ་འམ་ལག་འཁྱེར་སྤྲོད་ཀྱི་མེད་པ་དང་ནར་འགྱངས་གཏོང་བ་བཅས་ཀྱི་དཀའ་ངལ་འཕར་མ་འཕྲད་ཀྱི་ཡོད་ལུགས་བཀོད་འདུག
དཔེར་ན། བོད་ནང་ཕྱིར་ལོག་མཁན་བོད་མི་ཚོར་རྒྱ་ནག་གཞུང་གིས་དུས་རྒྱུན་དུ་སོ་ལྟ་བྱེད་བཞིན་པ་དང་། དགོས་ངེས་ཀྱི་མཐུན་རྐྱེན་མི་སྤྲོད་པ། ས་གནས་ཀྱི་ཐེམ་ཐོ་འམ་གཏན་སྡོད་ལག་འཁྱེར་སྤྲོད་རྒྱུར་ནར་འགྱངས་བཏང་བ་སོགས་ཀྱི་ཐོབ་ཐང་དབྱེ་འབྱེད་བྱེད་ཀྱི་ཡོད་འདུག
ད་དུང་ཁོང་ཚོའི་འཕྲོད་བསྟེན་ཐད་དཔེར་ན། བོད་ནང་ཕྱིར་ལོག་པའི་བོད་མི་ཚོར་ས་གནས་སྨན་ཁང་ཁག་ཅིག་ནང་སྨན་བཅོས་བྱེད་རྒྱུའི་ཐོབ་ཐང་རག་རྒྱུ་ཁག་པོ་ཡོད་པ་དང་། ལྷག་པར་དུ་ཉེ་བའི་ལོ་ཤས་ནང་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་སྐབས་སྔོན་འགོག་སྨན་ཁབ་རྒྱག་རྒྱུའི་ཐད་ལའང་དཀའ་ངལ་འཕྲད་པའི་རིགས་བྱུང་ཡོད་པ་དང་། རྒྱ་གར་ལྷོ་ཕྱོགས་ནས་དགེ་འདུན་པ་ཞིག་གི་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། རྒྱ་གར་ནས་ཕྱིར་བོད་ལ་ལོག་པའི་གྲྭ་པ་ཞིག་ནད་མནར་སྐབས་སྨན་བཅོས་ཡག་པོ་མ་བྱུང་བའི་རྐྱེན་གྱིས་ཏོག་དབྱིབས་ནད་ཡམས་མ་ཁྱབ་གོང་ནས་འདས་གྲོངས་སུ་གྱུར་ཡོད་པ་སོགས་ཀྱི་གནས་ཚུལ་ལུང་འདྲེན་བྱས་འདུག
ཕྱོགས་གཞན་ཞིག་ནས་རྒྱ་ནག་གཞུང་གིས་བོད་མི་ཚོ་ཕྱིར་བོད་ནང་ལོག་པ་འམ་ཡང་ན་གཉེན་འཕྲད་ལྟ་སྐོར་དུ་ཡོང་རྒྱུར་ཆོག་མཆན་སྤྲོད་ཀྱི་ཡིན་ཚུལ་དྲིལ་བསྒྲགས་བྱེད་བཞིན་ཡོད་པས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་རྒྱ་ནག་གཞུང་ལ་བོད་ནང་འབྱོར་བའི་བོད་མི་ཚོར་དབྱེ་འབྱེད་ཀྱི་བྱ་སྤྱོད་དེ་དག་མཚམས་འཇོག་དགོས་བའི་འབོད་སྐུལ་གནང་འདུག
གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།