རྒྱ་ནག་གིས་བོད་ནང་མུ་མཐུད་དུ་དྲག་གནོན་བྱེད་སྲིད་པ་ཉམས་ཞིབ་པས་ཚོད་དཔག་གནང་གི་འདུག
ཕྱི་ཟླ་དང་པོའི་ཚེས་༡༥ཉིན་རྒྱ་ནག་གཞུང་གིས་བཅད་བགོས་བྱས་པའི་བོད་རང་སྐྱོང་ལྗོངས་ཟེར་བའི་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོ་ཟེར་བ་མཇུག་སྒྲིལ་ཡོད་པ་དང་། སྐབས་དེར་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་ཝང་ཅུན་ཀྲང་གིས་མ་འོངས་ལོ་ལྔའི་རིང་ཞི་ཅིན་ཕིན་གྱི་དགོངས་དོན་བཞིན། བོད་ཡུན་རིང་བདེ་འཁོད་དང་བརྟན་བརླིང་ལ་ཤུགས་སྣོན་དགོས་པ་བཤད་ཡོད་པ་དང་། དེའི་ཏད་སི་པན་ཏུ་གནས་སྡོད་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་སངས་རྒྱས་སྐྱབས་ལགས་ཀྱིས། ཐེངས་འདིའི་སྲིད་གྲོས་ཚོགས་འདུ་དང་འབྲེལ་མ་འོངས་པར་ཞི་ཅིན་ཕིན་གྱི་དེ་སྔའི་སྲིད་ཇུས་འཇུག་སྐྱོང་གིས། བོད་ནང་མུ་མཐུད་དྲག་གནོན་དང་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་རྩ་མེད་བཟོ་རྒྱུ་ཡིན་པ་མངོན་གསལ་ཆགས་ཡོད་པ་བརྗོད་བྱུང་།
སྲིད་གྲོས་ཚོགས་འདུ་ཟེར་བ་དེ་ཕྱི་ཟླ་༡ཚེས་༡༡་ནས་བཟུང་ཉིན་གྲངས་༥རིང་ཚོགས་ཡོད་པ་དང་། ཡང་ཝང་ཅུན་ཀྲང་ཟེར་བས་དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་དང་། ལྗོངས་ཡོངས་ཀྱི་རིམ་པ་ཁག་གི་སྲིད་གྲོས་རྩ་འཛུགས་དང་སྲིད་གྲོས་འཐུས་མི་ཚོས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་དང་། ཆབ་སྲིད་ཀྱི་རྩ་དོན་བརྟན་སྲུང་གིས་འདུ་ཤེས་བཞི་ཟབ་ཏུ་གཏོང་དགོས་སྐོར་བརྗོད་ཡོད་ན་ཡང་། བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་ཀྱིས། སྤྱིར་བཏང་རྒྱ་ནག་གིས་སྐད་ཆ་བཤད་པ་ཚང་མ་ནམ་རྒྱུན་བཤད་བསྡད་པ་རྐྱང་ཡིན་ན་ཡང་། ཛ་དྲག་ཚ་ཤོས་དེ་འདུ་ཤེས་བཞི་ཟབ་ཏུ་གཏོང་དགོས་ཞེས་བོད་ནང་མུ་མཐུད་རྒྱ་བསྒྱུར་སྲིད་བྱུས་སྤེལ་ཐབས་བྱེད་བཞིན་པ་དེ་ཡིན་སྐོར་གསུངས་སོང་།
ཐེངས་འདིའི་སྲིད་གྲོས་ཚོགས་འདུའི་སྟེང་ཕྱི་ལོ་༢༠༢༣ལོའི་བོད་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་འཆར་གཞིའི་འཆར་ཟིན་ལ་ཞིབ་བཤེར་གྲོས་འཆམ་བྱུང་ཡོད་སྐོར་བརྗོད་ཡོད་ཀྱང་། སངས་རྒྱས་སྐྱབས་ལགས་ཀྱིས་མུ་མཐུད་ཚོགས་འདུ་དང་འབྲེལ་གྲོས་འཆམ་བྱུང་བ་ཞེས་མི་མང་ལ་ཕྱིའི་རྣམ་པ་ཙམ་སྟོན་ཐབས་ལས། རྒྱ་ནག་དམར་ཤོག་ཚོགས་པའི་འགྲོ་སྟངས་བཞིན་ཚོགས་འདུའི་ལས་རིམ་དང་བརྗོད་གཞི་ཚང་མ་སྔོན་ཚུད་ནས་གཏན་འཁེལ་བྱས་ཚར་ཡོད་པ་དང་། གྲོས་འཆམ་བྱུང་བ་དང་རྒྱལ་ཁ་དང་གྲུབ་འབྲས་ཐོབ་པ་ཟེར་བ་སོགས་དམར་ཤོག་ཚོགས་པའི་ནམ་རྒྱུན་གྱི་འགྲོ་སྟངས་ཙམ་ཡིན་པ་འཛམ་གླིང་ཡོངས་ལ་ཤེས་རྟོགས་ཡོད་པ་ཞིག་ཡིན་སྐོར་བརྗོད་བྱུང་།
གཞན་ཡང་ཚོགས་འདུ་དང་འབྲེལ་བོད་རང་སྐྱོང་ལྗོངས་ཟེར་བའི་སྲིད་གྲོས་ཀྱི་འགོ་ཁྲིད་བདམས་ཐོན་བྱུང་བའི་ཁྲོད་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་འགོ་གཙོ་དང་། དེ་མིན་ཀརྨ་ཚེ་བརྟན། མོང་ཞའོ་ལིན། སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ། ཚེ་སྨོན་གླིང་བསྟན་འཛིན་འཕྲིན་ལས། རྫོང་ལོ་བྱམས་པ་མཁས་གྲུབ། ས་ལུང་ཕུན་ལགས། རྡོ་རྗེ་ཚེ་སྒྲུབ། ངག་དབང་། ཅང་ཅེ། པད་མ་དབང་འདུས། སྒྲོལ་དཀར། བཀྲ་ཤིས་ཟླ་བ། ཡུས་ཡུན་ཀུའེ། ཝང་ཀང་བཅས་སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་འགོ་གཙོ་གཞོན་པར་བདམས་ཡོད་པ་སོགས་བཀོད་འདུག
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།