བློ་བཟང་རྒྱལ་མཚན་ལགས་ཀྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ལྷན་ཁང་གི་དམར་ཤོག་ཚོགས་པའི་དྲུང་ཆེའི་ལས་གནས་མཚམས་འཇོག་བྱས་འདུག

2024.10.29
བློ་བཟང་རྒྱལ་མཚན་ལགས་ཀྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ལྷན་ཁང་གི་དམར་ཤོག་ཚོགས་པའི་དྲུང་ཆེའི་ལས་གནས་མཚམས་འཇོག་བྱས་འདུག བློ་བཟང་རྒྱལ་མཚན་དང་། ཡན་ཅིན་ཧའེ་། ཀརྨ་ཚེ་བརྟན་གསུམ།
སྒྲིག་བཟོ། ཀླུ་འབུམ། /Chinese State Media

* གནས་ཚུལ་ཁ་སྣོན་བྱས་ཡོད། ༡༠།༣༠།༢༠༢༤

དེ་ཡང་ཟླ་༡༠ ཚེས་༢༨ ཉིན་བོད་ལྗོངས་ཉིན་རེའི་ཚགས་པར་གྱིས་གནས་ཚུལ་སྤེལ་ལྟར་ན། བློ་བཟང་རྒྱལ་མཚན་ལགས་གྱིས་ད་ཕྱིན་བོད་རང་སྐྱོང་ལྗོངས་ཟེར་བའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ལྷན་ཁང་གི་དམར་ཤོག་ཚོགས་པའི་དྲུང་ཆེའི་ལས་འགན་མི་འཁུར་རྒྱུ་དང་། དེའི་ཚབ་ཡན་ཅིན་ཧའེ་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ལྷན་ཁང་གི་དམར་ཤོག་ཚོགས་པའི་དྲུང་ཆེ་ལ་བསྐོ་བཞག་དང་། ཀརྨ་ཚེ་བརྟན་ལགས་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་དམར་ཤོག་ཚོགས་པའི་དྲུང་ཆེ་གསར་པར་བསྐོ་བཞག་བྱས་འདུག
གནས་ཚུལ་ནང་བློ་བཟང་རྒྱལ་མཚན་གྱིས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ལྷན་ཁང་གི་དམར་ཤོག་ཚོགས་པའི་དྲུང་ཆེའི་ལས་འགན་མི་བཞེས་རྒྱུ། ཞེས་བཀོད་ཡོད་པ་ལས་ཁོང་རྒན་ཡོལ་དང་། ཡང་ན་ལས་གནས་གང་ལ་གནས་སྤོར་བྱས་ཡོད་མེད་སོགས་གསལ་བོ་བཀོད་མི་འདུག
འདིའི་ཐད་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གི་བོད་རིགས་འབྲེལ་མཐུད་པ་དང་བོད་རྒྱའི་གནད་དོན་དབྱེ་ཞིབ་པ་ཀུན་དགའ་བཀྲ་ཤིས་ལགས་ཀྱིས། བོད་རང་སྐྱོང་ལྗོངས་ཟེར་བའི་ནང་གི་འགོ་ཁྲིད་ཁག་གི་གོ་གནས་འགྱུར་བ་གཏོང་རྒྱུ་དེ་གཙོ་བོ་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དབུས་ལས་ཁུངས་ཀྱི་འགོ་ཁྲིད་ཝང་ཅོན་ཀྲིན་གྱིས་བྱེད་བཞིན་པ་ཡིན་དུས། ཁོང་གི་སྣང་བར་འགྲོ་མ་འགྲོ་དང་ཡིད་ཆེས་ཐུབ་མིན་ལ་ཁྱད་པར་འགྲོ་གི་རེད་བསམ། མདོ་དོན། སྔོན་མ་ལོ་རབས་༨༠དང་༩༠འི་ནང་བོད་ནང་བོད་རིགས་འགོ་ཁྲིད་བྱུང་བ་ཡིན་ན་ཅུང་ཁྱད་པར་ཡོད་ཀྱང་། ད་ཆ་བོད་རིགས་འགོ་ཁྲིད་ཚོ་གོ་གནས་ག་བར་བཏང་ཡང་ཕྱིའི་མིང་ཙམ་མ་གཏོགས་ཐག་གཅོད་ཀྱི་དབང་ཆ་གང་ཡང་མེད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཉམས་ཞིབ་སྡེ་ཚན་གྱི་འགན་འཛིན་བུ་ཆུང་ཚེ་རིང་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བཅར་འདྲིའི་སྐབས། ཁོང་གིས་ཉེ་བའི་ཉིན་ཤས་ནང་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་གི་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་ཀྱི་གོ་གནས་ཁག་ཅིག་ལ་འགྱུར་བ་བཏང་ཡོད། དེའི་ནང་གི་གཅིག་བློ་བཟང་རྒྱལ་མཚན་ལགས་ཀྱི་གོ་གནས་མཚམས་བཞག་པ་དེ་རེད། གནས་སྟངས་འདིས་ཡོང་རྒྱུའི་དུས་ཚོད་ནང་ཀརྨ་ཚེ་བརྟན་ལགས་ཀྱིས་གོ་གནས་མཐོ་བའི་འགན་འཁུར་རྒྱུའི་རྣམ་པ་འདུག ཡིན་ན་ཡང་ཁོ་ཚོའི་གོ་གནས་ལ་འགྱུར་བ་བཏང་བ་དེས་བོད་ཀྱི་གནས་སྟངས་ཐད་ཕན་ཐོགས་མིན་དང་། བོད་ཐོག་ལ་འཛིན་པའི་སྲིད་ཇུས་ལ་འགྱུར་བ་ཐེབས་མིན་བཤད་ཁག་པོ་རེད། ཕྱོགས་གཞན་ནས་རྒྱ་ནག་དམར་ཤོག་ཚོགས་པའི་འགྲོ་ལུགས་ལྟར་ན། ས་གནས་ཀྱི་འགོ་ཁྲིད་ཚོ་ལ་དབང་ཆ་མེད་པ་དང་། ལྷག་པར་དུ་བོད་རིགས་འགོ་ཁྲིད་ཚོ་ལ་དེ་བས་ཀྱང་དབང་ཆ་མེད་པ་དཔྱད་བརྗོད་སྤེལ་སོང་།


གསར་འགོད་པ། དཔལ་ལྡན་རྒྱལ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎