བོད་ཀྱི་ཉིང་ཁྲི་ཕྱོགས་སུ་གངས་རུད་བྱུང་ནས་ཉུང་མཐར་མི་བརྒྱད་རྐྱེན་འདས་སུ་ཕྱིན་འདུག

2023.01.19
བོད་ཀྱི་ཉིང་ཁྲི་ཕྱོགས་སུ་གངས་རུད་བྱུང་ནས་ཉུང་མཐར་མི་བརྒྱད་རྐྱེན་འདས་སུ་ཕྱིན་འདུག གངས་རུད་བྱུང་སའི་བོད་ཀྱི་ཉིང་ཁྲི་ཕྱོགས་ཀྱི་ཕུག་ལམ་ཁ། ༠༡།༢༠༢༣
Chinese State Media

དེ་ཡང་རྒྱ་ནག་གི་གསར་ལམ་ཁག་ནང་གནས་ཚུལ་སྤེལ་བ་ལྟར་ན། བོད་རང་སྐྱོང་ལྗོངས་ཟེར་བའི་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་ནས་སྨན་གླིང་རྫོང་དུ་བསྐྱོད་སའི་ཕུག་ལམ་གྱི་ཁར་གངས་རུད་བྱུང་སྟེ། ཉུང་མཐར་བོད་མི་བརྒྱད་རྐྱེན་ལམ་དུ་ཕྱིན་ཡོད་པ་དང་། ད་ཆ་མྱུར་སྐྱོབ་ལས་དོན་ཛ་དྲག་ངང་འགྲོ་མུས་ཡིན་ཡང་ཕུག་ལམ་དང་གཞུང་ལམ་འགག་ཡོད་པ་དང་། མྱུར་སྐྱོབ་རུ་ཁག་དང་ས་གནས་བདེ་འཇགས་ཉེན་རྟོག་པ་སོགས་ཀྱིས་གར་སོང་ཆ་མེད་དུ་གྱུར་བའི་མི་རྣམས་འཚོལ་ཞིབ་བྱེད་མུས་ཡིན་པ་བསྒྲགས་ཡོད་ནའང་གངས་རུད་ཁྲོད་མི་གྲངས་ག་ཚོད་གར་སོང་ཆ་མེད་དུ་གྱུར་ཡོད་མེད་གསལ་ཁ་བཏོན་མི་འདུག
རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་དགོས་མཁོ་དང་འཐབ་ཇུས་རང་བཞིན་གྱི་དགོས་མཁོར་དམིགས་ནས། འཕགས་བོད་མཐའ་མཚམས་ཕྱོགས་ཀྱི་བོད་ཀྱི་ས་ཁུལ་ཁག་གཙོས་རྒྱ་དཀར་ནག་བར་རྩོད་གཞི་ཡོད་བའི་འཕགས་བོད་མཐའ་མཚམས་རྒྱུད་དུ་ལོ་ལྟར་འཛུགས་སྐྲུན་གྱི་ལས་གཞི་མང་དག་ཅིག་སྤེལ་ནས། མཐོ་སྒང་ནས་འབབ་པའི་གཙང་བོ་ཁག་འབག་གཙོག་བཟོས་ཤིང་། གང་བྱུང་ཤིང་ནགས་གཅོད་པ་སོགས་ཀྱིས་བོད་ཀྱི་རང་བྱུང་ཁོར་ཡུག་ལ་གནོད་འཚེ་བཏང་དང་གཏོང་བཞིན་པའི་ཉེར་ལེན་གྱིས། བོད་ནང་ཆུ་ལོག་དང་ས་ཡོམ། གངས་རུད་སོགས་འབྱུང་བའི་གནོད་འཚེ་ཡང་ནས་ཡང་དུ་འབྱུང་གི་ཡོད། ཕྱི་ལོ་༢༠༡༧ལོར་བོད་རང་སྐྱོང་ལྗོངས་ཟེར་བའི་ཉིང་ཁྲི་ས་ཁུལ་སྨན་གླིང་རྫོང་དུ་ཚད་རིམ་དྲུག་གྲངས་ཆུང་དགུ་ཅན་གྱི་ས་ཡོམ་བྱུང་བ་དང་། དེ་བཞིན་བྲག་ཡིབ་ཀྱི་ཕྱོགས་སུ་ལོ་དེར་ཚད་རིམ་༣ཡན་གྱི་ས་ཡོམ་ཐེངས་བདུན་བྱུང་ཡོད་ཀྱང་། རྒྱ་ནག་གིས་ས་ཡོམ་དང་འབྲེལ་བའི་གནས་ཚུལ་དེ་དག་གསང་བ་བྱས་ནས་ཕྱི་ཕྱོགས་སུ་བསྒྲགས་མེད་པ་རེད།
གཞན་དེ་སྔ་༢༠༡༦ལོར་མངའ་རིས་རུ་ཐོག་རྫོང་དུ་གངས་རུད་རིམ་པ་གཉིས་བསྟུད་མར་བྱུང་སྟེ། ས་གནས་ཀྱི་འབྲོག་པ་མི་༩རྐྱེན་འདས་སུ་ཕྱིན་ཡོད།
བོད་ནང་རྒྱུན་ལྡན་མ་ཡིན་པའི་གངས་རུད་བྱུང་གི་ཡོད་པ་དེས་སའི་གོ་ལའི་ཚ་དྲོད་རྒྱས་བཞིན་པ་དང་འབྲེལ་བ་ཡོད་སྲིད་པར་ཡང་ཆེད་མཁས་པས་ངོས་འཛིན་གནང་གི་ཡོད་པ་རེད།


གསར་འགོད་པ། བོད་རྒྱལ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎