བོད་མི་ཞིག་ཁེ་ན་ཊའི་ཕྱི་འབྲེལ་སློབ་སྟོན་ཚོགས་མིར་བསྐོ་བཞག
2015.06.29
ཚེ་རིང་མཚོ་མོ་ལགས་ཁེ་ན་ཊའི་ཆོས་དད་རང་དབང་ཐོག་གི་ཕྱི་འབྲེལ་སློབ་སྟོན་ཚོགས་ཆུང་གི་ཚོགས་མིར་བསྐོ་བཞག་གནང་འདུག
དེ་ཡང་ཁེ་ན་ཊའི་ཕྱི་སྲིད་བློན་ཆེན་སྐུ་ཞབས་Rob Nicholsonཡིས་ཕྱི་ཟླ་དྲུག་པའི་ཚེས་༢༢་ཉིན་ཁེ་ན་ཊའི་ཆོས་དད་རང་དབང་ཐོག་ལ་ཕྱི་འབྲེལ་སློབ་སྟོན་ཚོགས་ཆུང་ཞིག་དངོས་སུ་གསར་འཛུགས་གནང་ཡོད་ལུགས་གསལ་བསྒྲགས་གནང་བ་དང་། ཁེ་ན་ཊའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཚེ་རིང་མཚོ་མོ་ལགས་ཚོགས་པ་དེའི་ཚོགས་མིའི་ཁོངས་སུ་བསྐོ་བཞག་གནང་ཡོད་པ་སྐབས་ཐོག་གསལ་སྟོན་གནང་འདུག གོང་ཞུས་ཚོགས་པ་དེའི་ནང་ཁེ་ན་ཊའི་ནང་ཡོད་པའི་ཆོས་ལུགས་འདྲ་མིན་གྱི་དབུ་ཁྲིད་༢༣་ཙམ་ཡོད་པ་དང་། ཚོགས་པ་དེ་གསར་འཛུགས་གནང་དགོས་དོན་གཙོ་བོ་ནི་ཚོགས་པ་དེ་བརྒྱུད་ནས་ཁེ་ན་ཊའི་ནང་ཆོས་ལུགས་དར་སྤེལ་ཤུགས་ཆེ་གཏོང་གནང་རྒྱུ་མ་ཟད། ཆོས་ལུགས་ཕན་ཚུན་གོང་འཕེལ་དང་། མཐུན་ལམ་ཟབ་རྒྱས་སྤེལ་གནང་རྒྱུ་ཡིན་པ་རེད།
ཁེ་ན་ཊའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཚེ་རིང་མཚོ་མོ་ལགས་ཚོགས་པ་དེའི་ཚོགས་མིའི་ཁོངས་སུ་བསྐོ་བཞག་གནང་དགོས་དོན་ནི་ཁོང་གིས་རྒྱ་གར་དང་། ཁེ་ན་ཊ་ལ་སོགས་པའི་ནང་བུད་མེད་ཀྱི་དགེ་རྩའི་ཚོགས་པ་གཙོ་བོར་གྱུར་བའི་གཞུང་འབྲེལ་མིན་པའི་ཚོགས་པ་མང་པོའི་ནང་མི་ལོ་༢༥་ཙམ་རིང་ཕྱག་ལས་གནང་བའི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་པའི་ཆ་ནས་བསྐོ་བཞག་གནང་བ་ཞིག་ཡིན་ལུགས་བརྗོད་ཡོད།
གསར་འགོད་པ་དབྱངས་སྒྲོལ།