རྒྱ་ནག་དམར་ཤོག་ཚོགས་པའི་སློབ་གྲྭའི་སློབ་དཔོན་ཟུར་པ་ཚའེ་ཞཱ་ཡིས་བོད་དོན་གླེང་པ།


2020.09.24
རྒྱ་ནག་དམར་ཤོག་ཚོགས་པའི་སློབ་གྲྭའི་སློབ་དཔོན་ཟུར་པ་ཚའེ་ཞཱ། རྒྱ་ནག་དམར་ཤོག་ཚོགས་པའི་སློབ་གྲྭའི་སློབ་དཔོན་ཟུར་པ་ཚའེ་ཞཱ།
RFA

༧གོང་ས་ཏཱ་ལའི་བླ་མ་མཆོག་སྐུ་འཚོ་བཞུགས་སྐབས་བོད་ཀྱི་གནད་དོན་ཐག་གཅོད་མ་བྱུང་ན་རིམ་པས་བོད་ཀྱི་གནད་དོན་དེ་བཀྲོལ་དཀའ་བའི་མདུད་ནག་ཅིག་ཆགས་སྲིད་པ་རེད་ཟེར།
ཉེ་ཆར་རྒྱ་ནག་དམར་ཤོག་གི་སྟངས་འཛིན་འོག་ནས་ཨ་རིར་འབྱོར་པའི་དེ་སྔོན་རྒྱ་ནག་གི་དམར་ཤོག་ཚོགས་པའི་སློབ་གྲྭའི་སློབ་དཔོན་ཚའེ་ཞཱ་(caixia)་ཡིས་བོད་དོན་དང་འབྲེལ་བའི་གནད་དོན་ཁག་ཅིག་གླེང་ཡོད་ཅིང་། འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་ནས་ཁོང་ལ་བཅར་འདྲི་ཞུ་སྐབས་མཉམ་དུ། བོད་སྐད་སྡེ་ཚན་གྱི་དྲི་བར་ལན་འདེབས་གནང་ཡོད་པའི་ཁོངས་སུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ལ་ཕྱིར་ཕེབས་གནང་ཕྱོགས་དང་རང་སྐྱོང་གི་གནས་སྟངས་དང་། བོད་ཀྱི་གནད་དོན་སེལ་ཐབས་སོགས་ཀྱི་ཐད་ཁོང་གི་གཟིགས་ཚུལ་གསུངས་པ་དྲི་བར་དྲིས་ལན་གནང་བ་ལྟར་ཐད་ཀར་བཀོད་ན།
དྲི་བ། བཤད་སྲོལ་ཞིག་ལ། རྒྱ་ནག་གི་སྒྲིག་གཞིའི་ནང་ཆེས་མཐོའི་དཔོན་རིགས་ནས་དེ་སྔ་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་གྲོས་མོལ་ཞུ་འདོད་ཡོད་པ་རེད་ཅེས་པ་དེར་ཁྱེད་ཀྱི་གཟིགས་ཚུལ་གང་འདྲ་ཡོད།
ཚའེ་ཞཱ་ཡི་ལན་འདེབས།
ཡོད་རེད། དེ་སྔོན་འབྲེལ་མོལ་ཐེངས་ཁ་ཤས་བྱུང་ཡོད། འདིའི་ཐོག་བཤད་རྒྱུར་སྟབས་བདེ་མི་འདུག ང་ཚོས་ཤེས་ཀྱི་ཡོད། དོན་དངོས་ཐོག་འབྲེལ་བ་བྱུང་ཡོད། ཏཱ་ལའི་བླ་མ་མཆོག་ཀྱང་ཕྱིར་ཕེབས་གནང་འདོད་ཡོད། ལྷག་པར་དུ་ཁོང་སྐུ་ན་བགྲེས་པོར་ཕེབས་དུས་ཕ་ཡུལ་དང་ཕོ་བྲང་པོ་ཏཱ་ལར་ཕྱིར་ཕེབས་གནང་འདོད་ཡོད་ལ། རྒྱ་ནག་གི་མཐོ་རིམ་ནང་ལ་ཡང་བསམ་བློ་འདི་ལྟར་བྱུང་མྱོང་ཡོད། དེ་ཡང་ཆབ་སྲིད་ཀྱི་ཁོར་ཡུག་གུ་ཡངས་དང་དམར་ཤོག་ཚོགས་པའི་ནང་གུ་ཡངས་ཀྱི་བསམ་བློ་ཡོད་མཁན་གྱིས་གཙོ་བོ་བྱས་ཏེ་མཐོ་རིམ་ལ་སླེབས་པའི་སྐབས་སུ་ལས་དོན་འདི་བྱེད་འདོད་ཡོད། ཡིན་ན་ཡང་རྟག་ཏུ་ཀླད་རྙིང་མཁྲེགས་བཟུང་གི་བསམ་བློ་གཏོང་མཁན་ཚོས་བཀག་འགོག་བྱས་ཏེ་ཁོང་གིས་ཁ་བྲལ་གཏོང་རྒྱུ་དང་། ཁོང་ཕྱིར་ཕེབས་གནང་ན་ད་ལྟ་བོད་ལ་རྒྱ་ནག་དམར་ཤོག་གཞུང་གི་ཤུགས་རྐྱེན་གྱི་ནུས་པ་ཡོད་པར་གཡོ་འགུལ་ཐེབས་རྒྱུ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། གང་ཡིན་ཞེ་ན། དམངས་ཡོངས་ཀྱིས་ནང་པ་སངས་རྒྱས་པའི་བསྟན་པར་དད་གུས་བྱེད་པའི་ས་ཆ་ཞིག་རེད།   ཡང་བསམ་པའི་ཐོག་གི་དབུ་ཁྲིད་ནི་ཏཱ་ལའི་བླ་མ་མཆོག་དང་། ཡང་ཆབ་སྲིད་ཀྱི་འགོ་ཁྲིད་ཅང་ཙེ་མིང་། ཧུའུ་ཇིང་ཐའོ་མི་སྣ་འདི་ཚོ་དང་གང་འདྲ་བྱས་ཏེ་དོ་སྙོམས་ཡོང་གི་ཡོད།   དེར་བརྟེན་ལོ་རྒྱུས་དང་རིག་གཞུང་། གོམས་སྲོལ་ལ་སོགས་པ་རྨང་གཞི་བརྟན་པོ་ཡོད་པ་དེས་ད་ཡོད་ཀྱི་སྲིད་དབང་ལས་རྣམ་པར་རྒྱལ་བའི་སྟོབས་ཤུགས་ཆགས་སྲིད་པས། དེའི་དབང་གིས་ཏཱ་ལའི་བླ་མ་མཆོག་བོད་ལ་ཕྱིར་ཕེབས་གནང་ན་གང་འདྲ་ཆགས་ཡོང་སྙམ་པའི་ཁོང་ཚོར་དོགས་པ་ཡོང་གི་ཡོད་ལ། གཅིག་བྱས་ན་རྒྱ་ནག་གི་དབུས་ཀྱི་སྲིད་དབང་གི་གནས་བབ་ལ་གཡོ་འགུལ་ཐེབས་མི་ཡོང་ངམ་སྙམ་པ་ཡོང་གི་ཡོད། འདི་ཕྱོགས་གཅིག་རེད།  
ཕྱོགས་གཞན་ཞིག་ལ། ང་རང་སྒེར་གྱི་ལྟ་ཚུལ་ནི་དངོས་གནས་བྱས་ན་གནད་དོན་འགའ་ཤས་རྟག་ཏུ་ཧ་ཅང་གི་ངན་པ་ཡོད། ངན་པ་ཡོད་པ་དེ་ས་གནས་ལ་ཆགས་ཤིང་། དཔེར་ན། རང་སྐྱོང་ལྗོངས་ནང་ཤིན་ཅང་དང་། དེ་མིན་རང་སྐྱོང་ལྗོངས་ནང་གི་ས་གནས་སུ་དམར་ཤོག་གཞུང་གིས་སེམས་འཚབ་ཡོད་པའི་གནད་དོན་འདི་འུར་སྒྲོག་ངང་ཚབས་ཆེ་རུ་བཏང་པ་དང་། གནད་དོན་ཁ་ཤས་ཚབས་ཆེན་པོ་ཡོད་པ་འུར་སྒྲོག་བྱས་ཏེ་ལས་དོན་འདི་འགྲུབ་རྒྱུར་བཀག་འགོག་བྱེད་ཀྱི་ཡོད། གང་ཡིན་ཞེ་ན། དང་ཐོག་མི་དེ་ཚོས་ས་གནས་སུ་འགོ་ཁྲིད་བྱས་པའི་དབང་ཆར་གཡོ་འགུལ་ཐེབས་ཡོང་སྙམ་སྟེ་གནད་དོན་ཚབས་ཆེ་རུ་བཏང་ནས་རིམ་པ་གོང་མ་ནས་དངུལ་དང་གོ་གནས། དབང་ཆ་སོགས་རག་ཐབས་དེ་ལྟར་བྱས་ཏེ་གོང་རིམ་ནས་ཐོན་ཁུངས་དང་དགོས་མཁོ་སྤྲད་པ་བརྒྱུད་བོད་ལ་སྟངས་འཛིན་བྱེད་ཀྱི་ཡོད། གལ་ཏེ་ཏཱ་ལའི་བླ་མ་མཆོག་གི་གནད་དོན་འདི་ཐག་གཅོད་ཡག་པོ་ཞིག་བྱུང་ན། རིམ་པ་གོང་མ་ནས་དེ་བས་མང་བའི་ཐོན་ཁུངས་དང་གོ་གནས། དབང་ཆ་རག་ཐབས་ཀྱི་ཁ་གཡར་ས་མེད་ལ། གཤམ་འོག་གི་སྤྱི་ཚོགས་ལ་དེ་ལས་ལྷག་པའི་བཙན་གནོན་བྱེད་ཐབས་མེད་པར་འགྱུར་རྒྱུ་ཡིན་པས་ངའི་བསམ་པར་བར་གྱི་རིམ་པ་འདི་ཧ་ཅང་གི་ངན་པ་ཡོད།
བོད་རྒྱ་འབྲེལ་མོལ་སྐབས།
དྲི་བ། ཡིན་ན་ཡང་༧གོང་ས་ཏཱ་ལའི་བླ་མ་མཆོག་ནས་བོད་རང་བཙན་རྩོད་གནང་གི་མེད་པ་གསལ་པོ་གསུངས་ཡོད་པས། འདི་རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་ཀྱིས་གསལ་པོ་ཤེས་ཀྱི་ཡོད་དམ། གལ་ཏེ་ཁོང་ཚོས་ཤེས་ཀྱི་ཡོད་ན། ༧གོང་ས་ཏཱ་ལའི་བླ་མ་མཆོག་ཁ་བྲལ་རིང་ལུགས་པ་རེད་ཅེས་བརྗོད་དགོས་དོན་གང་ཡིན། གལ་ཏེ་ཁོང་ཚོས་གསལ་པོ་ཤེས་ཀྱི་མེད་ན། བོད་པའི་ཕྱོགས་ནས་གང་འདྲ་བྱས་ཏེ་རྒྱ་ནག་གི་དཔོན་རིགས་ཚོར་ཤེས་རྟོགས་གསལ་པོ་ཞིག་ཡོང་ཐབས་བྱ་དགོས་སམ།
ཚའེ་ཞཱ་ཡི་ལན་འདེབས།
དོན་དངོས་ཐོག་ངའི་བསམ་པར་གསལ་པོ་ཡོད་དང་མེད་ཀྱི་གནད་དོན་ཞིག་མ་རེད། འདི་ནི་དབང་སྡེམ་གྱི་སྲིད་དབང་སྒེར་གཅོད་པའི་རང་གཤིས་ངོ་བོ་དེ་རང་གིས་ཐག་བཅད་པ་ཞིག་ཡིན་པས། རང་སྐྱོང་ངོ་མ་ལོངས་སྤྱོད་བྱེད་པའི་ཐོབ་ཐང་སྤྲོད་ཀྱི་མ་རེད། ཕྱི་ཚུལ་ལ་རང་སྐྱོང་དང་དོན་དངོས་ཐོག་སྟངས་འཛིན་བྱེད་ཀྱི་ཡོད། དེ་ནི་མི་རིགས་རང་སྐྱོང་མ་རེད། མི་རིགས་སྟངས་འཛིན་རེད། དེར་བརྟེན་ཡོང་མི་སྲིད་པ་ཞིག་དང་། ཐབས་ལམ་འདྲ་མིན་སྣ་ཚོགས་ཀྱི་ཐོག་ནས་བོད་ལ་ཕྱིར་ཕེབས་གནང་རྒྱུར་བཀག་འགོག་དང་བོད་མི་དམངས་ལ་དབང་དགོས་པའི་ཐོབ་ཐང་བསྐྱར་གསོ་བྱ་རྒྱུར་བཀག་འགོག་བྱེད་ཀྱི་རེད། དེར་བརྟེན་གནད་དོན་འདིའི་ཐོག་ངའི་བསམ་པར་ཏཱ་ལའི་བླ་མ་མཆོག་གི་གནད་དོན་མ་ཡིན་པར། གནད་དོན་འདི་ཕྱོགས་སུ་ལྷག་ཡོད། གང་ཡིན་ཞེ་ན། འདི་ནི་དབང་སྡེམ་གྱི་སྲིད་དབང་སྒེར་གཅོད་པའི་གཏན་ཚིགས་དང་བསམ་བློ་གཏོང་སྟངས་དེ་རང་རེད།

དྲི་བ། བྱས་ན་གནད་དོན་བོད་པའི་ཕྱོགས་སུ་ལྷག་མེད་པ་རེད་དམ།
ཚའེ་ཞཱ་ཡི་ལན་འདེབས།
གནད་དོན་བོད་པའི་ཕྱོགས་སུ་ལྷག་མེད། ང་ཚོས་གསལ་པོ་མཐོང་ཐུབ་རྒྱུ་རེད། དངོས་གནས་བྱས་ན། དེ་སྔོན་ངས་སློབ་ཁྲིད་བྱེད་སྐབས་ང་ཚོ་དབུས་ཀྱི་དམར་ཤོག་ཚོགས་པའི་སློབ་གྲྭར་བོད་ཀྱི་འཛིན་གྲྭ་ཡོད། དེ་ནི་བོད་ཀྱི་ལས་བྱེད་པའི་འཛིན་གྲྭ་དང་།   མི་རིགས་ས་ཁུལ་གྱི་ལས་བྱེད་པའི་འཛིན་གྲྭ་ཞིག་རེད། དེར་ཤིན་ཅང་གི་འཛིན་གྲྭ་ཞིག་དང་བོད་ཀྱི་འཛིན་གྲྭ་ཞིག་ཡོད། ཐོག་མར་ལོ་རབས་བརྒྱད་བཅུ་དགུ་བཅུའི་ནང་མཚོན་ན། འཛིན་གྲྭའི་ནང་བོད་པའི་ལས་བྱེད་གསུམ་ཆ་གཉིས་དང་རྒྱ་མི་ལས་བྱེད་གསུམ་ཆ་གཅིག་ལས་མེད།   རྗེས་ལ་དེ་འདྲ་མ་ཡིན་པར། ལྟ་དུས་བོད་དང་ཤིན་ཅང་གི་མི་རིགས་འཛིན་གྲྭ་ཡོད་པ་ཞིག་ལ་དེའི་ནང་ད་ཆ་གོ་ལྡོག་ནས་རྒྱ་མི་ལས་བྱེད་པ་གསུམ་ཆ་གཉིས་དང་བོད་པ་ལས་བྱེད་པ་གསུམ་ཆ་གཅིག་ལས་ཟིན་གྱི་མེད་པ་འདིའི་ཐོག་ནས་སྒྲིག་གཞིའི་ནང་གི་ལས་བྱེད་པར་ཡང་ཡིད་ཆེས་བྱེད་ཀྱི་མེད། ས་གནས་ཁག་གི་འགོ་ཁྲིད་གཙོ་བོ་དང་དབང་ཆ་ཆེ་ཤོས་ཡོད་མཁན་འདི་ངེས་པར་དུ་རྒྱ་མི་ལས་བྱེད་པ་ཞིག་བསྐོ་བཞག་བྱེད་ཀྱི་ཡོད།

དྲི་བ། རྒྱ་ནག་གི་འགོ་ཁྲིད་ཚོས་༧གོང་ས་ཏཱ་ལའི་བླ་མ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་རྗེས་བོད་ཀྱི་གནད་དོན་འདི་རང་བཞིན་གྱི་ཐག་གཅོད་ཡོང་གི་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད་དམ།
ཚའེ་ཞཱ་ཡི་ལན་འདེབས།
དེ་ངའི་ངོས་ནས་བཤད་ཁག་པོ་འདུག རྒྱ་ནག་གི་འགོ་ཁྲིད་ཚོས་བསམ་བློ་གང་འདྲ་གཏོང་གི་ཡོད་མེད་ཀྱི་གནད་དོན་དེ་ངས་ཤེས་ཀྱི་མེད།    
༧གོང་ས་མཆོག་བཙན་བྱོལ་དུ་ཕེབས་སྐབས།
དྲི་བ། ཁྱེད་ཀྱིས་གཟིགས་ན་༧གོང་ས་ཏཱ་ལའི་བླ་མ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་ན་བོད་ཀྱི་གནད་དོན་ལ་འགྱུར་བ་གང་འདྲ་འགྲོ་སྲིད་ཀྱི་རེད་དམ།
ཚའེ་ཞཱ་ཡི་ལན་འདེབས།
ངའི་བསམ་པར་གལ་ཏེ་ཏཱ་ལའི་བླ་མ་མཆོག་སྐུ་འཚོ་བཞུགས་སྐབས་གནད་དོན་འདི་ཐག་གཅོད་ཡག་པོ་ཞིག་མ་བྱུང་ན། གཅིག་རྗེས་གཉིས་མཐུད་ཀྱིས་དཀའ་གནད་ཐག་གཅོད་མི་ཐུབ་པར་ལུས་རྒྱུ་དང་། བོད་ཀྱི་གནད་དོན་འདི་བཀྲོལ་དཀའ་བའི་མདུད་ནག་ཅིག་ཆགས་སྲིད་པ་རེད། དེ་ཡང་ཏཱ་ལའི་བླ་མ་མཆོག་གི་སྐུའི་ཡང་སྲིད་ཕེབས་ཕྱོགས་ཐད་གང་འདྲ་བྱེད་དགོས་མིན་གྱི་གནད་དོན་ལམ་སེང་ཐོན་རྒྱུ་རེད། གང་ཡིན་ཞེ་ན།   འདི་ནི་བོད་པའི་ཆོས་ཕྱོགས་ཀྱི་རིག་གཞུང་གཏིང་ཟབ་ཡོད་པའི་དམིགས་བསལ་གནས་སྟངས་དང་འབྲེལ་བ་ཆགས་ཀྱི་ཡོད་པས། འདི་མདུད་པ་གཅིག་རེད། ད་དུང་འདིའི་ཐོག་དེ་སྔོན་ནས་ཡོད་པའི་མི་རིགས་ཕན་ཚུན་གྱི་འཁོན་འཛིན་ཀྱི་གནད་དོན་སོགས་མདུད་པ་བཀྲོལ་མི་ཐུབ་པ་ཡོད་པས། ཕྱི་ནང་གཉིས་ཀྱི་བོད་མི་རྒྱུན་རིང་ཁ་བྲལ་གྱི་གནས་སྟངས་འོག་བཙན་བྱོལ་ནང་གི་བོད་མི་ཚོ་མི་རབས་ནས་མི་རབས་མེས་པོ་འཚོ་གནས་བྱ་ཡུལ་གྱི་ས་ཆར་ལོག་མི་ཐུབ་པ་དང་། ཡང་བོད་ཀྱི་ས་ཆ་འདི་རྒྱ་ནག་གི་མངའ་ཁོངས་སུ་ཡོད་ན་དུས་གཏན་དུ་མི་རིགས་ཤིག་ཁ་བྲལ་དང་རྩིས་མེད་རྡོག་རོལ་བཏང་པའི་གནས་སྟངས་འོག་ལྷུང་རྒྱུ་ཡིན་པས།   འདི་ཡང་མདུད་པ་ཞིག་ཆགས་ཀྱི་རེད། ངའི་བསམ་པར་ལོ་རབས་བརྒྱད་བཅུ་དགུ་བཅུ། ད་དུང་༢༠༠༠་ལོའི་རྗེས་ལ་གྲོས་མོལ་ཐེངས་ཁ་ཤས་དང་འབྲེལ་བ་ཐེངས་ཁ་ཤས་གནང་ཡོད་པ་ངས་ཤེས་རྟོགས་བྱུང་། མཐའ་མ་ཐག་གཅོད་གང་ཡང་ཐུབ་མེད་པ་རེད། ཞིའི་ཡི་སྐབས་ལ་སླེབས་དུས་དེ་བས་བཤད་མི་དགོས་པ་རེད། དེར་བརྟེན་མི་རིགས་ཀྱི་གོ་སྐབས་བཟང་པོ་ཞིག་གཅིག་བྱས་ན་ཤོར་བ་རེད།

གོང་གི་བཅར་འདྲི་བྱེད་ས་ཚའེ་ཞཱ་ནི། དེ་སྔོན་རྒྱ་ནག་དམར་ཤོག་གཞུང་གི་དབུས་ཀྱི་དམར་ཤོག་ཚོགས་པའི་སློབ་གྲྭའི་སློབ་དཔོན་དང་། དམར་པོའི་མི་རབས་གཉིས་པ་ཟེར་བར་རྩིས་ཀྱི་ཡོད་ལ། ཉེ་བའི་ལོ་ཤས་ནང་རྒྱ་ནག་གི་སྒྲིག་གཞིའི་ནང་ཡོད་པའི་མཐོང་དཀའ་བའི་ལྟ་ཚུལ་མི་འདྲ་བ་བཏོན་མཁན་ཞིག་དང་། ཞི་བའི་ངང་རྒྱ་ནག་གི་ཆབ་སྲིད་འཕོ་འགྱུར་བྱེད་ཕྱོགས་ཐད་ལོ་མང་རིང་བསམ་བློ་གཏོང་མཁན་ཞིག་ཀྱང་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎