འབར་མའི་ནང་བཅའ་ཁྲིམས་གསར་པར་མོས་མཐུན་བྱུང་ཡོད་ལུགས།
2008.05.15
༄༅༎འབར་མའི་ནང་ཉེ་ལམ་མཚོ་རླབས་ལ་རྐྱེན་པས་རྐྱེན་ངན་གོད་ཆགས་ཀྱི་དཀའ་ངལ་བསྟུད་མར་འཕྲད་བཞིན་ཡོད་པའི་གནས་སྟངས་འོག ད་དུང་དྲག་པོའི་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་གསར་པའི་ཐོག་ལ་མང་ཚོགས་ཁྲོད་འོས་བསྡུ་བསྐོང་ཚོགས་བྱས་རྗེས་ ད་ཆ་འོས་བསྡུའི་གྲུབ་འབྲས་ནང་ མང་ཚོགས་ནས་བཅའ་ཁྲིམས་གསར་པར་མོས་མཐུན་རྒྱ་ཆེ་བྱུང་ཡོད་ལུགས་གསལ་བསྒྲགས་བྱས་འདུག་༎
རེས་གཟའ་ཕུར་བུའི་ཉིན་འབར་མའི་གཞུང་འབྲེལ་རླུང་འཕྲིན་གྱི་གསལ་བསྒྲགས་བྱས་པའི་ནང་ བཅའ་ཁྲིམས་གསར་པའི་འོས་བསྡུ་དེའི་ནང་ འོས་ཤོག་འཕེན་ཆོག་པའི་མི་མང་བརྒྱ་ཆ་༩༩འི་འོས་འཕེན་ཡོད་ཚུལ་དང་ འོས་བསྡུ་གྲངས་བཤེར་བྱས་པའི་རྗེས་ མི་གྲངས་ས་ཡ་༢༢འམ་བརྒྱ་ཆ་༩༢ལྷག་གིས་བཅའ་ཁྲིམས་གསར་པར་མོས་མཐུན་གྱི་རྒྱབ་བསྐྱོར་འོས་ཤོག་འཕེན་ཡོད་ལུགས་བརྗོད་བཞག་
འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་དེ་དང་སྟབས་བསྟུན་སྟེ་ འབར་མའི་དྲག་པོའི་སྲིད་གཞུང་ནས་ཉེ་ལམ་བྱུང་བའི་མཚོ་རླབས་ཀྱི་གོད་ཆགས་ནང་ མི་གྲངས་༣༩༠༠༠མིན་ཙམ་འདས་གྲོངས་སུ་སོང་བ་དང་ མི་གྲངས་༢༨༠༠༠མིན་ཙམ་གར་སོང་ཆ་མེད་དུ་གྱུར་ཡོད་ལུགས་སྡོམ་རྩིས་གསར་པ་གསལ་བསྒྲགས་བྱས་ཡོད་པ་རེད་ ཡིན་ཡང་ཕྱི་ཕྱོགས་ནས་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་སྒྲིག་འཛུགས་ཁག་ནས་མཚོ་རླབས་ཀྱི་གོད་ཆགས་དེའི་ནང་ མི་ཤི་སྐྱོན་ཆགས་ཀྱི་གྲངས་འབོར་དེ་བས་མང་བ་ཡོད་པའི་ཚོད་རྩིས་བྱེད་བཞིན་ཡོད་ལ་ དཔེར་ན་ རྒྱལ་སྤྱིའི་རྒྱ་གྲམ་དམར་པོའི་ཚོད་དཔག་ནང་ ཉུང་མཐར་མི་གྲངས་༦༨༠༠༠ནས་༡༢༠༠༠-༠བར་འཆི་སྐྱོན་སོང་བ་དང་ འབར་མའི་དྲག་པོའི་སྲིད་གཞུང་ངོས་ནས་དངོས་ཡོད་ཀྱི་གནས་སྟངས་སྦས་གསང་བྱེད་ཀྱི་ཡོད་སྐོར་མང་པོས་སྐྱོན་བརྗོད་བྱེད་བཞིན་ཡོད་པ་རེད་༎