ཨ་རིས་རྒྱ་ནག་ཏུ་འཚོགས་རྒྱུའི་དགུན་དུས་ཨོ་ལིམ་པིཀསི་རྩེད་འགྲན་དུ་གཞུང་འབྲེལ་མི་སྣ་གཏོང་རྒྱུ་མིན་པའི་ཐག་གཅོད་བྱས་འདུག
ཨ་མི་རི་ཀའི་སྲིད་གཞུང་གིས་རིང་མིན་རྒྱ་ནག་ཏུ་འཚོགས་རྒྱུའི་དགུན་དུས་ཨོ་ལིམ་པིཀསི་རྩེད་འགྲན་དུ་གཞུང་འབྲེལ་མི་སྣ་གཏོང་རྒྱུ་མིན་པ་བསྒྲགས་གནང་འདུག
སྤྱི་ཚེས་༦་ཉིན་ཨ་རིའི་སྲིད་འཛིན་གྱི་ཕོ་བྲང་དཀར་པོའི་མགྲིན་ཚབ་པ་(Jen Psaki)་ཡིས་གསར་འགོད་ལྷན་ཚོགས་སུ། རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་བཏང་དང་གཏོང་བཞིན་པའི་གནས་སྟངས་འོག རྣམ་ཀུན་ལྟར་ཨ་མི་རི་ཀའི་སྲིད་གཞུང་གིས་རྒྱ་ནག་ཏུ་རིང་མིན་འཚོགས་རྒྱུའི་དགུན་དུས་ཨོ་ལིམ་པིཀསི་(Olympics)་རྩེད་འགྲན་དུ་གཞུང་འབྲེལ་མི་སྣ་གཏོང་ཐབས་མེད་པ་རྒྱ་ནག་ལ་བརྡ་ལན་གསལ་པོ་སྤྲོད་ཀྱི་ཡོད་ལུགས་འགྲེལ་བརྗོད་གནང་འདུག
དེ་ནི་རྒྱ་གཞུང་གིས་ཡུ་གུར་མི་རིགས་གཙོས་པའི་གྲངས་ཉུང་མི་རིགས་ཚོའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེན་གཏོང་བཞིན་པའི་གནད་དོན་ཐད་འགན་ལེན་དགོས་པའི་ཡ་ལན་ཚུལ་དུ་ཡིན་པ་དང་། ཨ་རིའི་གཞུང་འབྲེལ་མི་སྣ་ཚོ་ད་རེས་རྒྱ་ནག་དུ་འཚོགས་རྒྱུའི་ཨོ་ལིམ་པིཀསི་རྩེད་འགྲན་གྱི་དབུ་འབྱེད་དང་མཇུག་བསྡོམས་ཀྱི་མཛད་སྒོ་ཐོག་ཏུ་ཞུགས་རྒྱུ་མིན་ནའང་། ཨ་རིའི་རྩེད་འགྲན་པ་ཚོ་རྩེད་འགྲན་ཁག་ནང་མཉམ་ཞུགས་གནང་རྒྱུ་ཡིན་འདུག
དེའི་ཐད་ཨ་རིའི་ནང་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གི་རྒྱ་ནག་སྡེ་ཚན་གྱི་འགན་འཛིན་(Sophie Richardson)་ལགས་ཀྱིས། དེ་ནི་ཨ་རིའི་(Biden)་སྲིད་གཞུང་གིས་རྒྱ་གཞུང་གི་མི་ཆོས་རིང་ལུགས་ཐོག་ལ་གནོད་འཚེ་བཟོ་བཞིན་པའི་ཐད་ཡ་ལན་གནང་པའི་ལས་དོན་གནད་གལ་ཞིག་ཆགས་ཡོད་པས། ཐག་གཅོད་འདི་ལག་ལེན་བསྟར་བ་ཙམ་མ་ཡིན་པར། ད་དུང་ཨ་རིའི་ཕྱོགས་ནས་བསམ་བློ་གཅིག་མཚུངས་ཡིན་པའི་སྲིད་གཞུང་གཞན་དང་མཉམ་ལས་ཀྱིས་རྒྱ་གཞུང་གིས་གནད་དོན་དེའི་ཐོག་འགན་ལེན་ཡོང་ཐབས་ཀྱི་ལས་དོན་ཤུགས་ཆེ་རུ་གཏོང་དགོས་པའི་འབོད་སྐུལ་ཞུས་འདུག
ཨ་རིའི་ཕྱོགས་ནས་ཐག་གཅོད་དེ་མ་བསྒྲགས་པའི་སྔོན། གནད་དོན་དེའི་ཐོག་རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་(Zhao Lijian)་ཡིས། ཨ་རིས་རྒྱ་ནག་གི་ཨོ་རྩལ་འགྲན་ཚོགས་ཐོག་གཞུང་འབྲེལ་མི་སྣ་གཏོང་རྒྱུ་མིན་པའི་བཀག་སྡོམ་གྱི་འབོད་སྒྲ་དེ་བཞིན་ཨ་རིའི་རང་ཤེད་ཀྱིས་རང་ཉིད་ལ་དོ་སྣང་ཡོང་ཐབས་ཤིག་རེད། དེ་མཚམས་འཇོག་མ་བྱས་ན་ཨ་རི་དང་རྒྱ་ནག་གཉིས་བར་གྱི་གནད་དོན་གལ་ཆེན་གཞན་ཁག་གི་ཐོག་ལ་གྲོས་མོལ་དང་མཉམ་ལས་བྱེད་རྒྱུའི་ཐད་གནོད་སྐྱོན་ཡོང་གི་རེད། གལ་སྲིད་ཨ་རིའི་གཞུང་གིས་ཤེས་བཞིན་ཏུ་དེ་ལྟར་ཁྱད་གསོད་ཀྱིས་ལམ་ཁར་བསྐྱོད་པ་ཡིན་ན་རྒྱ་ནག་གཞུང་གིས་བློ་ཐག་ཆོད་པོས་རྒོལ་ལན་སློག་རྒྱུ་ཡིན་པ་བརྗོད་འདུག
གསར་འགོད་པ། གུ་རུ་ཆོས་སྐྱིད།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།