འབྲུག་ཡུལ་གྱི་རྒྱལ་པོའི་འཁྲུངས་སའི་རྟེན་འབྲེལ།

འབྲུག་གི་རྒྱལ་པོས་རྗེ་བཙུན་པདྨ་མཆོག་དང་འཇིག་རྟེན་གཉེན་སྒྲིག་གི་རྟེན་འབྲེལ་གནང་སྟེ་རྒྱལ་པོའི་ཁབ་ཏུ་བཞེས་རྒྱུ་ཡིན་འདུག

2011.10.11

༄༅༎དགུང་གྲངས་ ༣༡ ལ་ཕེབས་པ་ དབྱིན་ཇིའི་སྙན་གྲགས་ཅན་གྱི་ཨོཀ་སི་ཕོདྲ་མཐོ་རིམ་གཙུག་ལག་སློབ་གྲྭའི་སློབ་ཐོན་པ་འབྲུག་གི་རྒྱལ་པོ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་ནས་ དགུང་གྲངས་ ༢༡ ཡིན་པ་རྗེ་བཙུན་པདྨ་མཆོག་དང་གཟའ་ཕུར་བུའི་ཉིན་འཇིག་རྟེན་གཉེན་སྒྲིག་གི་རྟེན་འབྲེལ་གནང་སྟེ་ རྒྱལ་པོའི་ཁབ་ཏུ་བཞེས་རྒྱུ་ཡིན་འདུག།
འབྲུག་གི་རྒྱལ་པོའི་འཇིག་རྟེན་གཉེན་སྒྲིག་ཀྱི་རྟེན་འབྲེལ་མཛད་སྒོ་དེ་ འབྲུག་གི་རྒྱལ་ས་རྙིང་པ་ པུ་ན་ཀ་ཞེས་པའི་ས་གནས་སུ་ཡོད་པའི་དུས་རབས་བཅུ་བདུན་ནང་བཞེངས་པའི་མཁར་གཟི་བརྗིད་ལྡན་པ་ཞིག་ཡོད་པ་དེའི་ནང་གནང་རྒྱུ་ཡིན་འདུག་ཅིང་ དེ་བཞིན་རྒྱལ་ས་ཐིམ་པུའི་རྩེད་ཐང་ཞིག་གི་ནང་གཟའ་ཕུར་བུའི་ཉིན་མི་དམངས་ཁྱོན་ཆེ་ཞིག་འདུ་འཛོམས་བྱེད་རྒྱུ་ཡིན་འདུག།
འབྲུག་གི་རྒྱལ་པོའི་གཉེན་སྒྲིག་རྟེན་འབྲེལ་གྱི་གནས་ཚུལ་ཐད་མང་ཚོགས་ནས་དགའ་སྤོབས་བྱེད་འོས་པའི་དུས་ཚིགས་ཁྱད་པར་ཅན་ཞིག་ཏུ་ངང་སྒུག་ཤུགས་ཆེ་བྱེད་བཞིན་པའི་དུས་འདིར་ སྟབས་མ་ལེགས་པའི་གནས་ཚུལ་ཞིག་ཀྱང་བྱུང་ཡོད་པ་དེ་ནི་ འབྲུག་ཡུལ་ལ་ངོ་རྒོལ་བྱེད་མཁན་གྱི་སྒྲིག་འཛུགས་བལ་ཡུལ་ནང་རྟེན་གཞི་བྱེད་པའི་ འབྲུག་གི་གསར་བརྗེ་མདུན་བསྐྱོད་ཆིག་སྒྲིལ་ཚོགས་པ་ཟེར་བ་དེས་འབར་རྫས་ཁག་གཉིས་གས་གཏོར་བྱས་ཏེ་ མི་བཞི་ཙམ་ལ་རྨས་སྐྱོན་བཏང་པའི་དོན་རྐྱེན་དེ་ཡིན་པ་རེད།
འབྲུག་རྒྱལ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་ནི་ འབྲུག་གི་རྒྱལ་ཐོག་ལྔ་པ་དེ་ཡིན་ཞིང་ ཁོང་གི་འཇིག་རྟེན་གཉེན་སྒྲིག་གི་རྟེན་འབྲེལ་མཛད་སྒོ་དེ་འབྲུག་ཡུལ་གྱི་རིག་གཞུང་དང་མཐུན་ལ་ ཧ་ཅང་གྲ་རྒྱས་མིན་པའི་ཐོག་ནས་གནང་རྒྱུ་ཡིན་འདུག་ལ་ རྒྱལ་ཁབ་གཞན་གྱི་རྒྱལ་པོ་དང་རྒྱལ་མོའམ་ གཞུང་གི་འགོ་འཁྲིད་སུ་ཡང་གདན་འདྲེན་ཞུས་མེད་པ་རེད་འདུག།
ཕྱི་ལོ་ ༢༠༠༦ ལོར་གཏན་འབེབས་བྱས་པའི་འབྲུག་ཡུལ་གྱི་རྩ་ཁྲིམས་གཞིར་བཟུང་ལྟར་ན་ འབྲུག་གི་རྒྱལ་པོས་བཙུན་མོ་གཅིག་ལས་་ཁབ་ཏུ་བཞེས་ཆོག་རྒྱུ་མིན་ཞིང་ ད་ལྟའི་འབྲུག་རྒྱལ་གྱི་ཡབ་འཇིགས་མེད་སེངྒེ་དབང་ཕྱུག་མཆོག་ནས་བཙུན་མོ་བཞི་ཁབ་ཏུ་བཞེས་ཡོད་པ་རེད།
འབྲུག་གི་མ་འོངས་པའི་བཙུན་མོ་རྗེ་བཙུན་པདྨ་ལགས་ནི་ འབྲུག་གི་གནམ་གྲུ་གཏོང་མཁན་ཞིག་གི་བོུ་ཡིན་འདུག་པ་དང་ ཁོང་ནི་མཛེས་སྡུག་ལྡན་ལ་ གཤིས་སྤྱོད་བཟང་བ་མ་ཟད་ ཐུགས་སེམས་ཧ་ཅང་གི་བཟང་པོ་ཡོད་པ་ཞིག་ཡིན་པ་འགྲེལ་བརྗོད་བྱེད་བཞིན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎