རྒྱ་ནག་གཞུང་གིས་འབྲུག་ཡུལ་གྱི་ས་ཆའི་བདག་དབང་ཐོག་རྙོག་དྲ་བཟོ་རྩིས་བྱས་ཀྱང་འབྲུག་གཞུང་གིས་ངོས་ལེན་བྱས་མི་འདུག
2020.06.30
རྒྱ་ནག་གཞུང་གིས་འབྲུག་ཡུལ་གྱི་ས་ཆའི་བདག་དབང་ཐོག་རྙོག་དྲ་བཟོ་རྩིས་བྱས་ཀྱང་འབྲུག་ཡུལ་གཞུང་གིས་ངོས་ལེན་བྱས་མེད་པ་རེད་འདུག
དེ་ཡང་ཉེ་ཆར་(58th meeting of the Global Environment Facility Council)་ཞེས་གོ་ལའི་ཁོར་ཡུག་ལས་དོན་ལྷན་ཁང་གི་ཚོགས་འདུའི་ཐོག་འབྲུག་ཡུལ་གྱི་(Sakten Wildlife Sanctuary)་འམ་སག་སྟེང་རི་སྐྱེས་རི་དྭགས་ཚལ་ཞེས་པ་དེའི་ཆེད་ལས་འཆར་ཞིག་གི་འགྲོ་གྲོན་གཏོང་དམིགས་ཀྱི་རོགས་དངུལ་གནང་ཕྱོགས་ཀྱི་གནད་དོན་ཐོག་བགྲོ་གླེང་བྱས་པའི་སྐབས། རྒྱ་ནག་གཞུང་གིས་ས་ཁུལ་དེ་ནི་རྩོད་རྙོག་ཅན་ཞིག་ཡིན་ལུགས་གླེང་སློང་བྱས་ཡོད་པ་དང་། ཚོགས་འདུ་དེའི་ནང་འབྲུག་གཞུང་གི་སྐུ་ཚབ་དམིགས་བསལ་མེད་ཀྱང་འབྲུག་དང་། རྒྱ་གར། བྷང་ལ་དེ་ཤེ། ཤི་རི་ལང་ཀ། བལ་ཡུལ་བཅས་ཐུན་མོང་གི་འཛམ་གླིང་དངུལ་ཁང་གི་སྐུ་ཚབ་རྒྱ་གར་བ་(Aparna Subramani)་གྱིས། གནད་དོན་དེའི་ཐོག་འབྲུག་གི་ངོས་ནས་ལན་གསལ་པོ་མ་བྱུང་བར་རྩོད་གླེང་གི་ངོ་བོར་ཁས་ལེན་བྱེད་ཐབས་མེད་ལུགས་གསུངས་ནས་ཕྱི་ཟླ་དྲུག་པའི་འགོ་སྟོད་ནས་བཟུང་། ཕན་ཚུན་གྲོས་བསྡུར་རིམ་པ་བྱས་པ་བརྒྱུད་མཐའ་མ་འབྲུག་གཞུང་གི་ངོས་ནས། གོང་ཞུས་ས་ཁུལ་འདི་ནི་ད་བར་རྩོད་རྙོག་རྩ་བ་ནས་མེད་པའི་ས་ཆ་ཞིག་རེད་ལ། ས་ཆ་དེ་ནི་འབྲུག་ཡུལ་གྱི་ཡིན་པ་དང་། རྒྱ་ནག་གི་རྩོད་གཞི་དེར་ངོས་ལེན་རྩ་བ་ནས་མེད་ཅེས་བརྡ་ལན་གསལ་པོ་སྤྲད་པ་བཅས་ལ་བརྟེན་མཐའ་དོན་རྒྱ་ནག་གི་དགག་བྱ་ཡོད་མིན་ལ་མ་བལྟོས་བར་ལས་འཆར་དེའི་ཐོག་རོགས་དངུལ་གནང་རྒྱུའི་ཐག་ཆོད་བྱུང་ཡོད་འདུག
སྤྱིར་བཏང་སེག་སྟེང་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་མེ་ཏོག་སོགས་བདག་གཅེས་བྱེད་ཡུལ་རི་དྭགས་ཚལ་དེ་བཞིན་འབྲུག་ཡུལ་གྱི་བཀྲིས་སྒང་རྫོང་དང་། བསམ་གྲུབ་བྱང་ཁར་རྫོང་གཉིས་ཀྱི་ས་མཚམས་སུ་འཁེལ་བའི་ས་ཆ་ཞིག་ཡིན་འདུག་ལ་འབྲུག་གིས་ཕྱི་ལོ་ ༢༠༡༣ ་ལོ་ནས་རི་དྭགས་ཚལ་དེ་བཞིན་འཛུགས་སྐྲུན་དང་བདག་གཅེས་བྱེད་རྒྱུ་འགོ་བཙུགས་པ་ཞིག་ཡིན་འདུག