འབྲུག་ཡུལ་གྱི་དཔལ་འབྱོར་འཕར་ཚད་ཨེ་ཤེ་ཡའི་ནང་མྱུར་གྲས་རེད།
2017.04.20
འབྲུག་ཡུལ་དེ་བཞིན་གླིང་ཆེན་ཨེ་ཤེ་ཡའི་ནང་ནས་དཔལ་འབྱོར་ཡར་རྒྱས་མྱུར་ཤོས་འགྲོ་མཁན་གྱི་རྒྱལ་ཁབ་ཅིག་ཆགས་ཡོད་པ་རེད།
དེ་ཡང་ཨེ་ཤི་ཡའི་འཛུགས་སྐྲུན་ཡར་རྒྱས་དངུལ་ཁང་གིས་བཏོན་གནང་བའི་སྙན་ཐོ་ཞིག་གི་ནང་། འབྲུག་ཡུལ་དེ་བཞིན་གླིང་ཆེན་ཨེ་ཤི་ཡའི་ནང་ནས་དཔལ་འབྱོར་ཡར་རྒྱས་མྱུར་ཤོས་འགྲོ་མཁན་གྱི་རྒྱལ་ཁབ་ཅིག་ཆགས་ཡོད་པ་དང་། དེ་ནི་༢༠༡༧ལོའི་འབྲུག་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཚད་གཞི་དེ་ཡུལ་གྱི་ནང་ད་ལྟའི་སྐབས་ཚ་ཚ་འུར་འུར་གྱི་ངང་འཛུགས་བསྐྲུན་བྱེད་བཞིན་པའི་ཆུ་ཤུགས་གློག་ཁང་གི་ཐོག་གཞིར་བཞག་བྱ་རྒྱུ་ཡིན་པ་དང་། ༢༠༡༨ལོར་གློག་ཁང་དེ་ནས་གློག་མཁོ་འདོན་དངོས་སུ་བྱ་རྒྱུ་ཡིན་པ་དེས་དཔལ་འབྱོར་གོང་འཕེལ་གྱི་ཚད་གཞི་དེ་བས་མཐོ་རུ་འགྲོ་རྒྱུ་ཡིན་པ་བཀོད་འདུག
ཨེ་ཤི་ཡའི་འཛུགས་སྐྲུན་དངུལ་ཁང་གིས་ཟླ་བ་འདིའི་ནང་བཏོན་བའི་སྙན་ཐོ་དེས། ༢༠༡༧ ལོའི་འབྲུག་གི་ལོ་འཁོར་དཔལ་འབྱོར་འཕེལ་རྒྱས་ཀྱི་ཚད་གཞི་དེ་བརྒྱ་ཆ་༨.༢དང་། ༢༠༡༨ལོར་བརྒྱ་ཆ་༩.༩འཕར་རྒྱུའི་སྔོན་དཔག་བྱས་འདུག
འབྲུག་ཡུལ་གྱིས་གནམ་གཤིས་འགྱུར་ལྡོག་གི་གནོད་ཚབས་འགོག་ཐབས་སུ་སྨན་པའི་ཆེད་ཁོར་ཡུག་ལ་སྦག་བཙོག་མི་བཟོ་བའི་ནུས་ཤུགས་མཁོ་འདོན་ཐོག་བརྟེན་པའི་དཔལ་འབྱོར་གོང་འཕེལ་གཏོང་རྒྱུར་དམིགས་བསལ་དོ་ཁུར་བྱེད་བཞིན་ཡོད་པ་དང་། འབྲུག་ཡུལ་ལ་ཆ་མཚོན་ན། མཁོ་འདོན་མ་བྱས་པའི་ཆུ་ཤུགས་ནུས་ཚད་GW30ཙམ་ཡོད་པ་ནས་ཆུ་ཤུགས་གློག་འདོན་ཆེད་ད་བར་བརྒྱ་ཆ་༥ཙམ་མ་གཏོགས་བེད་སྤྱོད་བཏང་མེད་པ་རེད།
ཉེ་བའི་ལོ་ཤས་ནང་འབྲུག་ཡུལ་ཁུལ་གློག་ཤུགས་ཕྱིར་ཚོང་ཆེད་ཆུ་ཤུགས་གློག་ཁང་གསར་རྒྱག་བྱས་པ་དང་ཆབས་ཅིག རང་ཡུལ་གྱི་ཐག་རིང་མཐའ་ཁུག་ས་ཁུལ་མང་པོའི་ནང་གློག་བཙུགས་ཡོད་པའི་སྐོར་ཡང་སྙན་ཐོའི་ནང་བཀོད་འདུག
(HydroWorld.com)ཞེས་པའི་འཛམ་གླིང་གི་ཆུའི་ཐོན་ཁུངས་ཀྱི་དྲ་གནས་ཐོག་ཐོན་པའི་གནས་ཚུལ་ནང་། འབྲུག་ཡུལ་གྱིས་ཆུ་ཤུགས་གློག་འདོན་གྱི་ལས་གཞི་དེ་དག་རྒྱལ་ཁབ་ཀྱི་དཔལ་འབྱོར་གོང་འཕེལ་གྱི་འབྱུང་ཁུངས་ལྟེ་བ་ཞིག་ལ་བརྩི་བཞིན་ཡོད་པ་དང་། འདས་པའི་ལོའི་ནང་འབྲུག་གི་ཕྱིར་ཚོང་ཡོང་འབབ་ཆེ་ཤོས་དེ་ཆུ་ཤུགས་གློག་འདོན་ནས་བྱུང་ཡོད་ཅིང་། རྒྱལ་ཁབ་ཀྱི་སྤྱིའི་ཕྱིར་ཚོང་ཡོང་འབབ་ཀྱི་བརྒྱ་ཆ་༣༢.༤ཆུ་གློག་ཕྱིར་ཚོང་ནས་བྱུང་ཡོད་པ་དང་། རྒྱལ་ནང་ཐོན་སྐྱེད་སྤྱིའི་བརྒྱ་ཆ་༨ཆུ་ཤུགས་གློག་འདོན་ཡིན་པ་གསལ་འདུག
གསར་འགོད་པ་རིག་ལྡན་སྒྲོལ་མ།