པེ་ཅིང་གི་དགུན་དུས་ཨོ་ལིམ་པིཀསི་རྩེད་འགྲན་ལ་ལྟ་མཁན་ལོ་རྒྱུས་སྟེང་ཉུང་ཤོས་ཆགས་འདུག
དེ་ཡང་ཡཱ་ཧུ་(yahoo)་ཡིས་གནས་ཚུལ་སྤེལ་བ་ལྟར་ན། ད་རེས་པེ་ཅིང་ལ་ཚོགས་བཞིན་པའི་དགུན་དུས་རྒྱལ་སྤྱིའི་ཨོ་ལིམ་པིཀསི་(Olympics)་རྒྱང་སྲིང་བྱེད་མཁན་ཨ་རིའི་(NBC)་བརྙན་འཕྲིན་ཁང་ལ་ཨོ་ལིམ་པིཀསི་རྩེད་འགྲན་གྱི་ལྟད་མོར་ལྟ་མཁན་ཉུང་དྲགས་ནས་གྱོང་གུད་ཆེན་པོ་རག་གི་ཡོད་པ་དང་། ཟླ་འདིའི་ཚེས་༤འི་ཉིན་པེ་ཅིང་གི་བྱེའུ་ཚང་རྩེད་ཐང་དུ་སྤེལ་བའི་ཨོ་ལིམ་པིཀསི་སྒོ་འབྱེད་མཛད་སྒོ་ལ་ལྟ་མཁན་བྱེ་བ་གཅིག་དང་ས་ཡ་དྲུག་ལས་མ་བྱུང་བ་དང་། དེ་ནི་ལོ་རྒྱུས་སྟེང་ཨོ་ལིམ་པིཀསི་ལ་ལྟ་མཁན་ཉུང་ཤོས་དེ་ཡིན་ཞིང་། ༢༠༡༨་ལོའི་ལྷོ་ཀོ་རི་ཡའི་ནང་ཚོགས་པའི་ཨོ་ལིམ་པིཀསི་རྩེད་འགྲན་ལ་ལྟ་མཁན་ལས་ཧ་ལམ་ལྡབ་གཅིག་མར་ཆགས་ཡོད་པ་རེད།
གཞན་སྒོ་འབྱེད་མཛད་སྒོ་ཡི་རྗེས་ཀྱི་ཉིན་ཤས་རིང་ལྟ་མཁན་ས་ཡ་བདུན་ལྷག་ལས་བྱུང་མེད་པས། ལྟད་མོ་བའི་གྲངས་ཀ་དེ་༢༠༡༨་ལོའི་ལྷོ་ཀོ་རི་ཡ་ནང་གི་ཨོ་ལིམ་པིཀསི་དང་། ༢༠༡༤་ལོའི་ཨུ་རུ་སུའི་ནང་ཚོགས་པའི་ཨོ་ལིམ་པིཀསི་ལས་ཀྱང་ལྟ་མཁན་ཧ་ཅང་གི་ཉུང་བ་ཡིན་འདུག
ཨ་རིའི་(NBC)་བརྙན་འཕྲིན་ཁང་གིས་ལྟད་མོ་བ་བྱེ་བ་གཅིག་དང་ས་ཡ་དྲུག་ཟེར་བའི་གྲངས་ཀ་དེ་དྲ་རྒྱ་སོགས་སུ་ལྟ་མཁན་ཡོངས་ཀྱི་སྤྱིའི་བསྡོམས་གྲངས་ཡིན་ཞིང་། བརྙན་འཕྲིན་ལ་ལྟ་མཁན་བྱེ་བ་གཅིག་དང་ས་ཡ་བཞི་ལས་མི་འདུག་ཅེས་འགྲེལ་བརྗོད་གནང་འདུག ད་རེས་ཨོ་ལིམ་པིཀསི་ཚོགས་ཡུལ་རྒྱ་ནག་ཡིན་པར་བརྟེན་བལྟ་མཁན་མེད་པའི་གནད་དོན་ཡིན་པ་གནས་ཚུལ་ནང་བཀོད་འདུག
གཞན་ཡང་མི་སྒེར་དང་ཚོགས་པ་སོགས་ཀྱིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་འབྲེལ། ངས་ད་རེས་ཨོ་ལིམ་པིཀསི་རྩེད་འགྲན་ལ་བལྟ་རྒྱུ་མིན་ཞེས་པའི་ལས་འགུལ་ཞིག་ཀྱང་སྤྱི་ཚོགས་དྲ་ལམ་སོགས་སུ་ཁྱབ་ཡོད་པ་དང་། ཨ་རི་སོགས་ཡུལ་ལུང་གང་སར་ཡོད་པའི་བོད་མི་དང་ཡུ་གུར་བ་གཙོས་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོས་སྤྱི་ཚོགས་དྲ་ལམ་གང་སར་ངས་ད་རེས་རྩེད་འགྲན་ལ་མི་བལྟ་ཞེས་ལས་འགུལ་སྤེལ་བ་དང་། བོད་ཀྱི་ས་མཚམས་དང་ཐག་ཉེ་བའི་རྒྱ་གར་ལ་དྭགས་ནང་དགུན་དུས་གྲང་ངར་ཆེ་བའི་གནམ་གཤིས་ལ་མ་འཛེམས་པར་ལ་དྭགས་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་དང་ས་གནས་གཞོན་ནུ་ལྷན་ཚོགས་གཉིས་ཀྱི་གོ་སྒྲིག་འོག་ང་ཚོས་པེ་ཅིང་གི་རྩེད་འགྲན་ལ་ལྟ་རྒྱུ་མིན་ཞེས་པའི་ལས་འགུལ་སྤེལ་ཡོད་པ་རེད།
དེ་མིན་ད་རེས་ཨོ་ལིམ་པིཀསི་རྩེད་འགྲན་དང་ཐད་ཀར་འབྲེལ་བ་ཡོད་པ་ཞིག་ནི། རྒྱ་ནག་གཞུང་གི་གཅིག་ཀྱང་ཡོད་མི་ཆོག་པའི་ཏོག་དབྱིབས་རིམས་ནད་འགོག་ཐབས་ཀྱི་སྲིད་ཇུས་དེ་ཡིན་ལ། ཡོངས་སུ་བཀག་སྡོམ་བྱས་པའི་ཁོག་ཡུག་ནང་གི་རྒྱལ་ཁབ་སོ་སོའི་ལུས་རྩལ་བ་ཚོར་མཚོན་ན། དེ་ནི་ཐེག་དཀའ་ལ་ལྗིད་གནོན་པ་ཞིག་ཡིན་ཞིང་། (NBC)་བརྙན་འཕྲིན་ཁང་ལ་མཚོན་ན་དེ་ནི་གདོང་ལེན་བྱེད་དགོས་པའི་གནས་སྟངས་ཆགས་ཡོད་པ་གནས་ཚུལ་ནང་བཀོད་འདུག
ཉེ་བའི་ནང་པེ་ཅིང་གི་དགུན་དུས་ཨོ་ལིམ་པིཀསི་རྩེད་འགྲན་དེར་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་འབྲེལ་ནས། ཨ་མི་རི་ཀ་གཙོས་རྒྱལ་ཁབ་ཁག་མང་པོས་རྩེད་འགྲན་དེར་གཞུང་འབྲེལ་མི་སྣ་གཏོང་རྒྱུ་མིན་པའི་ཐག་གཅོད་གནང་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་དང་། དེ་བཞིན་ཕྱི་རྒྱལ་ཡུལ་གྲུ་ཁག་ནང་ཡོད་པའི་བོད་མི་དང་། ཡུ་གུར་བའི་ཚོགས་སྡེ་ཁག་གིས་རྒྱ་ནག་གཞུང་གིས་མི་རིགས་རྩ་མེད་བཟོ་བཞིན་པའི་སྲིད་ཇུས་དང་། འགྲོ་བ་མིའི་ཐོང་ཐང་རྡོག་རོལ་གཏོང་བཞིན་པའི་བྱ་སྤྱོད་ལ་ངོ་རྒོལ་ལས་འགུལ་རབ་དང་རིམ་པར་སྤེལ་ཡོད།
བྱས་ནས། རྒྱ་ནག་གཞུང་ལ་རྩེད་འགྲན་གྱི་མགྲོན་བདག་བྱེད་རྒྱུའི་འོས་བབས་མེད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་ནག་ནང་རྩེད་འགྲན་དེ་བཀག་སྡོམ་བྱ་རྒྱུར་སྐུལ་འདེད་ཀྱི་ལས་འགུལ་རབ་དང་རིམ་པར་སྤེལ་ཡོད་པ་དང་། ལྷག་པར་འདི་ཚེས་༤་ཉིན། རྒྱ་ནག་པེ་ཅིན་དུ་དགུན་དུས་ཨོ་ལིམ་པིཀསི་རྩེད་འགྲན་འགོ་ཚུགས་པ་དང་བསྟུན། རྒྱལ་སྤྱིའི་ཁྱོན་ཡོངས་སུ་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་དང་། བོད་དོན་ལས་འགུལ་བ་སོགས་ཀྱིས་རྣམ་པ་འདྲ་མིན་གྱི་ཐོག་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐྱོན་བརྗོད་ཀྱི་ལས་འགུལ་གང་སར་སྤེལ་ཡོད་པ་རེད། ཡིན་ན་ཡང་པེ་ཅིང་གཞུང་གིས་དེ་དག་ཁས་ལེན་རྩ་བ་ནས་མ་བྱས་བའི་ཐོག་ད་དུང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་ཚན་པའི་དཔོན་རིགས་ཤར་ཏུརྐི་སི་ཐན་ནང་ལྟ་ཞིབ་ཆེད་བསྐྱོད་རྒྱུར་ཆོག་མཆན་སྤྲད་མེད་པ་རེད།
གསར་འགོད་པ། སྟག་ལྷ་རྒྱལ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།