བོད་མི་དང་རྒྱ་གར་བས་ས་མཚམས་གནད་དོན་དང་འབྲེལ་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་འདུག

2022.12.15
བོད་མི་དང་རྒྱ་གར་བས་ས་མཚམས་གནད་དོན་དང་འབྲེལ་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་འདུག བོད་མི་དང་རྒྱ་གར་བས་ས་མཚམས་གནད་དོན་དང་འབྲེལ་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་སྐབས། ༡༢།༡༥།༢༠༢༢
RFA / Dhasa

ཉེ་ལམ་སྤྱི་ཟླ་༡༢བའི་ཚེས་༩ཉིན་རྒྱ་གར་གྱི་མོན་རྟ་དབང་མཐའ་མཚམས་འཕགས་བོད་གཉིས་ཀྱི་ས་མཚམས་ཡང་རྩེ་ས་ཁུལ་དུ་རྒྱ་དཀར་ནག་གཉིས་ཀྱི་མཐའ་སྲུང་དམག་མིའི་བར་གདོང་ཐུག་དྲག་པོ་བྱུང་སྟེ། ཕྱོགས་གཉིས་ཀའི་དམག་མིར་རྨས་སྐྱོན་བྱུང་བ་སོགས་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་དང་སྤྱི་དམངས་ཁྲོད་སླར་ཡང་ས་མཚམས་རྩོད་རྙོག་དང་འབྲེལ་བའི་གླེང་སློང་ཤུགས་ཆེར་གནང་བཞིན་པ་དང་བསྟུན། འདི་ཚེས་༡༥ཉིན་བཞུགས་སྒར་རྡ་རམ་ས་ལའི་ཁུལ་དུ་བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་དང་ཧིན་བོད་མཛའ་འབྲེལ་ཚོགས་པ་བཅས་ཐུན་མོང་གིས་གོ་སྒྲོག་འོག་ས་མཚམས་རྩོད་རྙོག་དང་འབྲེལ་ཏེ། རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ཞིག་སྤེལ་འདུག
སྐབས་དེར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ཀྱིས། རྒྱ་ནག་གི་མཐའ་སྲུང་དམག་མིས་འཕགས་བོད་ས་མཚམས་སུ་ཧམ་འཛུལ་བྱས་པའི་རྐྱེན་གྱིས། ཕྱོགས་གཉིས་ཀྱི་མཐའ་སྲུང་དམག་མི་དབར་གདོང་ཐུག་བྱུང་བ་དང་། བོད་རང་བཙན་མ་ཐོབ་བར་དུ་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ཀྱི་རྩོད་རྙོག་དེ་མུ་མཐུད་གནས་རྒྱུ་ཡིན་པས། རྒྱ་གར་གཞུང་དམངས་གཉིས་ཀྱིས་བོད་རང་བཙན་འཐབ་རྩོད་ཐོག་རྒྱབ་སྐྱོར་བྱེད་དགོས་བའི་འབོད་སྐུལ་གནང་སོང་།
སྤྱིར་རྒྱ་དཀར་ནག་གཉིས་བར་ས་མཚམས་ཀྱི་རྩོད་རྙོག་བྱུང་བའི་སྐབས། གནད་དོན་དབྱེ་ཞིབ་པ་ཚོས་བོད་ཀྱི་ཁྲིམས་མཐུན་གྱི་གནས་བབ་དང་། ད་བར་རྒྱ་དཀར་ནག་གཉིས་ཀྱི་བར་ཐུན་མོང་གི་ས་མཚམས་ཤིག་མེད་པའི་སྐོར་གླེང་སློང་བྱེད་ཀྱི་ཡོད་ལ། དེ་སྔ་རྒྱ་གར་དབྱིན་ཇིའི་དབང་བསྒྱུར་འོག་ཡོད་སྐབས་(British India)་རྒྱ་གར་བྱང་ཕྱོགས་ཀྱི་ས་མཚམས་དང་འབྲེལ་བའི་ཁྲིམས་མཐུན་གྱི་ཆིངས་ཡིག་དེ་བོད་དང་ལྷན་དུ་བཞག་ཡོད་པ་ལས་རྒྱ་ནག་དང་འབྲེལ་བ་མེད་པ་ལོ་རྒྱུས་ནང་གསལ་ཡོད་ཅིང་། ལྷག་པར་དུ་༡༩༡༤ལོའི་སིམ་ལའི་ཆིངས་ཡིག་བཞག་པ་དེས་འཕགས་བོད་གཉིས་ཀྱི་ས་མཚམས་སུ་མེག་མཱ་ཧོན་ས་ཐིག་(McMahon Line)་ཅེས་པ་དེ་གསར་འཛུགས་བྱས་ཡོད།
བཞུགས་སྒར་དུ་ཡོད་པའི་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་(Ajit Nehra)་ལགས་ཀྱིས། རྒྱ་ནག་གཞུང་གིས་ས་མཚམས་ཁུལ་དུ་འཁྲུག་རྐྱེན་སློང་བ་ཡིན་ན། རྒྱ་གར་ངོས་ནས་དེར་ཕར་རྒོལ་བྱེད་རྒྱུའི་ནུས་པ་ཡོད་པ་དང་། ལྷག་ཏུ་བོད་མིའི་མངོན་འདོད་དང་རེ་བ་ལ་ང་ཚོ་རྒྱ་གར་ཚོས་རྟག་ཏུ་རྒྱབ་སྐྱོར་བྱེད་ཀྱི་ཡིན་ཞེས་འགྲེལ་བརྗོད་གནང་བྱུང་།
ད་རེས་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་བའི་ནང་མཉམ་ཞུགས་གནང་མཁན་རྒྱ་གར་བ་(Akash Nehri)་ལགས་ཀྱིས། ངས་དུས་རྒྱུན་བོད་མིའི་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད། ད་སྐབས་ཞི་ཅིན་ཕིང་གིས་སྣེ་ཁྲིད་པའི་དམར་ཤོག་སྲིད་གཞུང་འོག་རྒྱ་ནག་རྒྱལ་ནང་དུ་ཞི་བདེ་བརྟན་བརླིང་མེད་པའི་གནས་ཚུལ་མང་པོ་ཞིག་ཐོན་བཞིན་པ་དེ་གླེང་སློང་ཉུང་དུ་བཟོ་རྒྱུའི་ཆེད་དུ་ད་རེས་རྒྱ་ནག་གཞུང་གིས་ས་མཚམས་རྩོད་རྙོག་དེ་དམིགས་སུ་བཀར་ནས་བཟོས་པ་རེད་བསམ་གྱི་འདུག་ཅེས་འགྲེལ་བརྗོད་གནང་བྱུང་།
གཞན་ཡང་རྒྱ་ནག་གཞུང་གིས་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་པའི་རྗེས། སྤྱི་ལོ་༡༩༦༢ ལོར་རྒྱ་དཀར་ནག་གཉིས་དབར་ས་མཚམས་ཀྱི་ཐོག་དམག་འཁྲུག་བྱུང་ནས་བཟུང་། ད་བར་ཕྱོགས་གཉིས་དབར་ས་མཚམས་ཐོག་རྩོད་རྙོག་དང་གདོང་ཐུག་རིམ་པ་བྱུང་ཡོད་ཅིང་། དེ་སྔ་༢༠༢༠ ལོའི་སྤྱི་ཟླ་༦པའི་ནང་ལ་དྭགས་ཀྱི་གྷལ་ཝན་ས་ཁུལ་དུ་ཕྱོགས་གཉིས་ཀྱི་དམག་མི་བར་གདོང་ཐུག་དྲག་པོ་བྱུང་བའི་རྗེས། རྒྱ་གར་སྤྱི་དམངས་ཁྲོད་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་མཁན་ཇེ་མང་དུ་འགྲོ་མུས་ཡིན་པའི་ཁར། ལྷག་པར་ཏུ་རྒྱ་ནག་ནས་བཟོས་པའི་ཅ་དངོས་དང་མཉེན་ཆའི་རིགས་བཀག་སྡོམ་བྱེད་ཤུགས་ཆེ་རུ་ཕྱིན་ཡོད་པ་རེད།


གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎