བོད་མི་ཚོས་རྒྱ་ནག་གི་སྲིད་བློན་ལི་ཆང་སུད་སིར་འབྱོར་བར་ངོ་རྒོལ་བྱས་འདུག

2024.01.16
བོད་མི་ཚོས་རྒྱ་ནག་གི་སྲིད་བློན་ལི་ཆང་སུད་སིར་འབྱོར་བར་ངོ་རྒོལ་བྱས་འདུག རྒྱ་ནག་གི་སྲིད་བློན་ལི་ཆང་སུད་སིར་འཚམས་གཟིགས་སུ་འབྱོར་བར་བོད་མི་ཚོས་འདོད་པ་མེད་པའི་ངོ་རྒོལ་བྱས་སྐབས། ༠༡།༡༥།༢༠༢༤
TYAE

དེ་ཡང་ཡོ་རོབ་ནང་གི་བོད་ཀྱི་གཞོན་ནུ་མཐུན་ཚོགས་(Tibetan Youth Association of Europe)་ཞེས་པའི་ཚོགས་མི་ཚོ། རྒྱ་ནག་གི་སྲིད་བློན་(Li Qiang)་འཚམས་འདྲིར་འབྱོར་ཡུལ་སུད་སིའི་རྒྱལ་ས་(Bern)་དུ་འདུ་འཛོམས་ཀྱིས་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་ཚོགས་པའི་འབྲེལ་ཡོད་མི་སྣ་གཉིས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་ལ། ཁོང་ཚོས་སྐབས་དེར་བོད་ནང་གི་བོད་མི་ཚོར་རྒྱ་ནག་གཞུང་གིས་སྡུག་སྦྱོང་བཏང་པའི་མཚོན་དོན་འཁྲབ་སྟོན་བྱས་བ་དང་། བོད་ཀྱི་རྒྱལ་དར་འཕྱར་ཏེ་རྔམ་སྟོན་ཁྲོམ་སྐོར་ལས་འགུལ་སྤེལ་ནས་སུད་སི་གཞུང་ལ་རྒྱ་ནག་མཉམ་དུ་ཚོང་འབྲེལ་བྱེད་སྐབས་འགྲོ་བ་མིའི་ཐོབ་ཐང་གཙོ་བཟུང་གིས་འབྲེལ་ལམ་བྱེད་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག
གནས་ཚུལ་ལྟར་ན། རྒྱ་ནག་གི་སྲིད་བློན་ལི་ཆང་ལ་སུད་སིའི་སྲིད་འཛིན་(Viola Amherd)་ཡིས་དགའ་བསུ་ཞུས་ཡོད་པ་དང་། རྒྱ་ནག་གི་སྲིད་བློན་གྱིས་ད་རེས་སུད་སིའི་ནང་འཚམས་གཟིགས་རིང་གཙོ་བོ་རྒྱ་ནག་དང་སུད་སི་ཕན་ཚུན་བར་གྱི་ཚོང་དོན་གྱི་འབྲེལ་བ་དང་། དེ་སྔ་ལོ་ངོ་བཅུའི་གོང་ལ་སུད་སི་གཞུང་གིས་རྒྱ་ནག་དང་རང་དབང་གི་ཚོང་འབྲེལ་བྱེད་རྒྱུའི་གྲོས་མཐུན་བཞག་པ་དེ་མུ་མཐུད་དུ་ཡོང་ཐབས་གྲོས་མོལ་བྱ་རྒྱུ་ཡིན་པ་རེད་འདུག
བོད་མི་ངོ་རྒོལ་ལས་འགུལ་སྤེལ་མཁན་ཚོས། འདི་ལོ་ནི་རྒྱ་ནག་དང་སུད་སི་ཕན་ཚུན་རང་དབང་གིས་ཚོང་འབྲེལ་གྱི་གྲོས་མཐུན་བཞག་ནས་ལོ་ངོ་༡༠ཕྱིན་པའི་དུས་ཚིགས་ཤིག་ཡིན་ནའང་སུད་སི་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དེ་ཚོང་འབྲེལ་གྱི་གྲོས་མཐུན་བཞག་པའི་སྐབས་གླེང་སློང་དང་ལག་ལེན་བསྟར་ཐུབ་མེད་པ་དེ་ནི་ངོས་ལེན་ཞུ་ཐུབ་ཐབས་མེད་པར་ངོས་འཛིན་བྱེད་བཞིན་པ་དང་། ཚོང་འབྲེལ་གྱི་ཐོག་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཡོང་ཐབས་བྱ་དགོས་ཀྱི་ཡོད་ཀྱང་དོན་དངོས་ཐོག་གནས་སྟངས་ཇེ་སྡུག་ཏུ་ཕྱིན་ཡོད་པ་ལུང་འདྲེན་གྱིས། སུད་སི་གཞུང་ལ། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གཙོས་པའི་ཡུ་གུར་བའི་གནས་སྟངས་དང་། དེ་བཞིན་རྒྱ་ནག་དང་མཉམ་རང་དབང་གི་ཚོང་འབྲེལ་གྱི་གྲོས་མཐུན་གྱི་འབྲུ་དོན་དུ་ཚུད་པ་བཞིན། རྒྱ་ནག་གི་མངའ་འོག་མི་དམངས་དང་ཚོགས་པ་ཁག་གིས་སྡུག་སྦྱོང་མི་མྱོང་བའི་ཆེད་སུད་སི་གཞུང་གིས་རྒྱ་ནག་དང་གྲོས་མཐུན་མ་འཇོག་རོགས་ཞེས་འབོད་སྐུལ་དང་མཉམ་རྒྱ་ནག་གི་སྐུ་ཚབ་སུད་སིའི་ནང་འཚམས་འདྲི་ཡོང་རྒྱུར་ང་ཚོར་འདོད་པ་མེད་ཅེས་གསུངས་འདུག


གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎