རྒྱ་གར་ཨ་ཟམ་ཡུལ་མི་དང་ཁ་ཆེའི་དབར་འཁྲུག་རྩོད་རྒྱབ་འདུག
2008.10.05
༄༅༎རྒྱ་གར་བྱང་ཤར་གྱི་མངའ་སྡེ་ཨ་ཟམ་ནང་ས་གནས་ཀྱི་ཡུལ་མི་དང་སྦང་ལ་རྡེཤི་ནས་གཞིས་སྤོས་བྱས་པའི་ཕྱི་མིའི་དབར་གྱི་འཁྲུག་རྩོད་ནང་ཉུང་མཐར་མི་ཉི་ཤུ་རྩེ་ལྔ་རྐྱེན་ལམ་དུ་ཕྱིན་ཡོད་པ་མ་ཟད་སྟོང་ཕྲག་མང་པོ་འགྲོ་སྡོད་མ་ཤེས་བཟོས་ཡོད་པའི་གནས་ཚུལ་ཐོན་འདུག
རེས་གཟའ་པ་སངས་ཉིན་མངའ་སྡེའི་རྒྱལ་ས་རྡིསི་པུར་གྱི་བྱང་ཕྱོགས་སུ་ཀི་ལོ་མི་ཊར་བརྒྱ་ཐམ་པའི་སར་གནས་པའི་ཨུ་རྡལ་གུ་རི་རྫོང་ཁུལ་གྱི་རའོ་ཏ་ཞེས་པའི་ས་ཁུལ་ནང་ས་གནས་ཀྱི་སྦོཌོ་མི་རིགས་དང་སྦང་ལ་རྡེཤི་ནས་གཞིས་སྤོ་བྱས་པའི་ཁ་ཆེའི་མི་རིགས་གཉིས་དབར་འཁོན་འཛིན་དྲག་ལས་ཀྱི་དོན་རྐྱེན་ནང་ཡུལ་མི་ཉི་ཤུ་རྩེ་ལྔ་ཙམ་རྐྱེན་ལམ་དུ་ཕྱིན་ཡོད་པ་དང་སྟོང་ཕྲག་མང་པོའི་སྡོད་གནས་རྩ་གཏོར་བཏང་ཡོད་ལུགས་ས་གནས་ཀྱི་ཉེན་སྲུང་དཔོན་རིགས་ཚོས་འགྲེལ་བརྗོད་གནང་འདུག
གུ་ལྦ་ཧ་ཏི་ནས་རོའུ་ཊར་གསར་ལས་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན་དེ་ཉིན་ས་ཁུལ་དེའི་གྲོང་གསེབ་ཁག་ནང་གནས་པའི་ས་གནས་ཀྱི་སྦོ་ཌོ་གདོད་མའི་མི་རིགས་དང་སྦང་ལ་རྡེཤི་ནས་གཞིས་སྤོ་བྱས་པའི་ཁ་ཆེའི་མི་རིགས་དབར་གྱི་འཁྲུག་རྩོད་ནང་སྲོལ་རྒྱུན་གྱི་མཚོན་ཆ་མདའ་དང་གཞུ།མདུང།གྲི་དེ་བཞིན་མེ་མདའ་སོགས་བེད་སྤྱོད་བྱས་ཏེ་ཉུང་མཐར་ཡུལ་མི་ཉི་ཤུ་རྩེ་ལྔ་ཙམ་རྐྱེན་ལམ་དུ་ཕྱིན་ཡོད་པ་དང་སྟོང་ཕྲག་ལྔ་བཅུ་ལྷག་བྲོས་བྱོལ་གྱིས་ཉེན་སྲུང་མི་སྣས་གོ་སྒྲིག་བྱས་པའི་གནས་སྐབས་ཀྱི་སྡོད་ཁང་ནང་གནས་ཡོད་ལུགས་འདུག དེའི་དབར་ལ་མངའ་སྡེའི་བློན་ཆེན་ཏ་རུན་གོ་གོའེ་ཡིས་ཛ་དྲག་གི་ཁྲིམས་གཞི་བསྡམས་ཏེ་སྲུང་སྐྱོབས་ཆེད་དམག་མི་བཀྲམ་ཡོད་འདུག རྒྱ་ནག་དང་སྦང་ལ་རྡེཤི་འབྲུག་ཡུལ་བཅས་ཀྱི་མཐའ་སྐོར་བའི་ཨ་ཟམ་ནང་གདོད་མའི་མི་རིགས་འདྲ་མིན་ཉི་བརྒྱ་ལྷག་ཡོད་པ་དེ་དག་གིས་ཕྱི་ལོ་༡༩༤༧ལོར་རྒྱ་གར་དབྱིན་ཇིའི་མངའ་འོག་ནས་རང་བཙན་ཐོབ་པ་ནས་བཟུང་ཁ་བྲལ་གྱེན་ལོག་གི་ལས་འགུལ་བར་མཚམས་མེད་པར་སྤེལ་མུས་ཡིན་པ་རེད༎