ཕྲུ་གུར་ལས་ཀ་སྐུལ་བར་སྐྱོན་བརྗོད་ཀྱི་སྙན་ཐོ།
2011.10.04
༄༅༎ཨ་མི་རི་ཀས་སྙན་ཐོ་ཞིག་བཏོན་པའི་ནང༌། ཨེ་ཤི་ཡའི་རྒྱལ་ཁབ་ཀྱིས་སྣེ་ཁྲིད་དེ་འཛམ་གླིང་ནང་ཕྲུ་གུ་ལས་ཀའི་ལོ་ཚད་མ་ཟིན་པ་ལས་ཀར་སྐུལ་འདེད་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་གནང་ཡོད་པ་རེད།
དེ་ཡང་རེས་གཟའ་ཟླ་བའི་ཉིན་ཨ་མི་རི་ཀའི་ངལ་རྩོལ་ཚོགས་པའི་ལོ་འཁོར་སྙན་ཐོ་ཐེངས་བཅུ་པ་བཏོན་པའི་ནང་དུ། ཨེ་ཤི་ཡའི་རྒྱལ་ཁབ་སྦང་ལ་རྡེཤ་དང་ཕི་ལི་པིནསི་ཡིས་སྣེ་ཁྲིད་དེ་འཛམ་གླིང་ནང་ཕྲུ་གུས་བཟོས་པའི་དངོས་ཟོག་མང་པོ་མཐོང་རྒྱུ་ཡོད་པ་དང༌། དངོས་ཟོག་གི་རྣམ་གྲངས་༡༣༠ ཙམ་ཡོད་པ་ནི། ཁང་པ་འཛུགས་སྐྲུན་གྱི་ས་ཕག་དང༌། རྐང་རྩེད་པོ་ལོ་ནས་གཙོས་དྲིལ་བསྒྲགས་ཀྱི་ཡོ་ཆས་དང༌། དེ་བཞིན་དུ་ལག་འཁྱེར་ཁ་པར་སོགས་ཡིན་ཞིང༌། ད་དུང་ཕྲུ་གུར་ལས་ཀ་སྐུལ་དེད་བྱེད་མཁན་ནི་ཨ་ཕེ་རི་ཀ་དང༌། ལྷོ་ཨ་མེ་རི་ཀ་སོགས་གཙོས་པའི་རྒྱལ་ཁབ་༧༡ ཡོད་པ་གསུང་ཡོད་པ་རེད།
ཨ་མི་རི་ཀའི་ངལ་རྩོལ་ལས་ཁང་གི་དྲུང་ཆེ་ཧིལ་དྲ་སོ་ལིསི་ཞུ་བས། ང་ཚོ་ཚང་མར་དཀོན་མཆོག་གི་དམིགས་བསལ་ཞིག་གནང་ཡོད་པ་ཡིད་ཆེས་བྱེད་ཀྱི་ཡོད་པ་བཞིན། ཕྲུ་གུ་ཚོར་ཡང་སོ་སོའི་དམིགས་ཡུལ་ལམ་མདུན་ལམ་ཐོག་འགྲོ་བསྐྱོད་ཆོག་པའི་ཐོབ་ཐང་སྤྲོད་ཀྱི་རེད་ཅེས་གསུང་ཡོད་པ་རེད།