བོད་ནང་གི་བོད་མི་ཚོར་བཙན་ཤེད་ཀྱིས་ངལ་རྩོལ་བཙན་སྐུལ་བྱེད་བཞིན་པ་ངོས་ལེན་བྱས་མི་འདུག
2020.10.15
བོད་ནང་གི་བོད་མི་ཚོར་རྒྱ་ནག་གཞུང་གིས་བཙན་ཤེད་ཀྱིས་ངལ་རྩོལ་བཙན་སྐུལ་བྱེད་བཞིན་པ་བོད་རང་སྐྱོང་ལྗོངས་ཟེར་བའི་འགོ་ཁྲིད་ཀྱིས་ངོས་ལེན་བྱས་མི་འདུག
དེང་སང་རྒྱ་ནག་གཞུང་གིས་བོད་ནང་དབུལ་ཕོངས་ཀྱི་དཀའ་ངལ་སེལ་རྒྱུའི་འཛུགས་བསྐྲུན་ལས་དོན་གྱི་འཆར་གཞི་མང་པོ་ལ་ཁ་གཡར་ནས། བོད་མི་ཚོར་ལག་རྩལ་སྦྱོང་བརྡར་ཆེད་ངལ་རྩོལ་བཙན་སྐུལ་བྱེད་བཞིན་ཡོད་པའི་གནས་ཚུལ་ཐད། བོད་རང་སྐྱོང་ལྗོངས་ཟེར་བའི་འགོ་ཁྲིད་ཀྱིས་ངོས་ལེན་མ་བྱས་པར། བོད་མི་ཚོར་བཙན་དབང་གི་སྒོ་ནས་ངལ་རྩོལ་བཙན་སྐུལ་བྱེད་ཀྱི་མེད་པ་དང་། ཞིང་འབྲོག་བོད་མི་ཚོར་རང་གི་འདོད་མོས་ལྟར་འགྲུལ་འཁོར་ཁ་ལོ་བའི་སྦྱོང་བརྡར་དང་། ཚ་ལ་རྒྱག་རྒྱུ་ལ་སོགས་པའི་ལག་རྩལ་སྦྱོང་བརྡར་སྤྲོད་ཀྱི་ཡོད་ལུགས་བརྗོད་འདུག
ཉེ་ཆར་རུཡེ་ཊར་གསར་ལས་ཁང་དང་ཨ་རིའི་ནང་གི་(Jemestown)ཉམས་ཞིབ་ལྟེ་གནས་ཁང་གཉིས་ཀྱིས་གནས་ཚུལ་སྤེལ་ནས། བོད་རང་སྐྱོང་ལྗོངས་ཀྱི་ཁོངས་སུ་བོད་མི་ས་ཡ་གསུམ་དང་ལྔ་འབུམ་ཆིག་ཁྲི་ཙམ་ཡོད་པའི་མི་འབོར་བརྒྱ་ཆ་༡༥ཙམ་ལ་སྦྱོང་བརྡར་བཟོ་ལས་ཁང་ཟེར་བ་དེ་འདྲ་ཆེད་འཛུགས་བྱས་ཡོད་པ་དེ་ཚོའི་ནང་། བོད་མི་མང་པོ་ཞིག་ཤིན་ཅིང་ནང་གི་ངལ་རྩོལ་རྭ་བ་སྣང་བཞིན་ངལ་རྩོལ་བཙན་སྐུལ་གྱིས་སྦྱོང་བརྡར་སྤྲོད་ཀྱི་ཡོད་པའི་སྙན་ཐོ་བཏོན་ཡོད་པ་རེད།
དེ་བཞིན་གནད་དོན་དེའི་ཐད་ཕྱི་ཕྱོགས་ཀྱི་བོད་དོན་ལས་འགུལ་བ་དང་། ཉམས་ཞིབ་པ་ཚོས་ཀྱང་དེ་ནི་རྒྱ་ནག་གཞུང་གིས་བཙན་ཤེད་ཀྱི་སྒོ་ནས་བོད་ནང་བོད་མིའི་རང་དབང་ཐོབ་ཐང་མེད་པ་བཟོས་ཏེ། རྒྱ་ནག་དམར་ཤོག་སྲིད་གཞུང་གིས་ཆབ་སྲིད་ཀྱི་སློབ་སྦྱོང་སྤྲོད་ས་ཞིག་ཏུ་བསྒྱུར་ཐབས་བྱེད་བཞིན་པའི་བློ་འཚབ་དང་སྐྱོན་བརྗོད་བྱེད་བཞིན་ཡོད་པ་རེད།
དེའི་ཐད་རྒྱ་ནག་གིས་འབོད་བཞིན་པའི་བོད་རང་སྐྱོང་ལྗོངས་ཟེར་བའི་འགོ་ཁྲིད་ཆེ་དགྲ་ལྷ་ཟེར་བས་འདི་ཚེས་༡༥་ཉིན་ཕྱི་རྒྱལ་གྱི་གསར་འགོད་པར། བོད་ནང་སྔོན་མ་ནས་ཆོས་ལུགས་ནས་བྱུང་བའི་གོམས་སྲོལ་ངན་པ་རྙིང་པ་ཞིག་ཡོད། དེ་ནི་ཆོས་ལ་དད་པ་ལས་ད་ལྟའི་མི་ཚེའི་འཚོ་གནས་ལ་འབད་བརྩོན་མི་བྱེད་པ་དང་། ད་ལྟའི་མི་ཚེ་ལས་སྐྱེས་བ་རྗེས་མ་གལ་ཆེན་བརྩི་སྲོལ་ཡོད་པ་དེ་རེད། ངལ་རྩོལ་སྦྱོང་བརྡར་གྱི་ལས་གཞི་དེ་དག་ནི་བོད་མིའི་འཚོ་གནས་ཡར་རྒྱས་ཆེད་ཡིན་པ་ལས་ང་ཚོས་བོད་མི་ཚོར་བཙན་དབང་གི་སྒོ་ནས་སྦྱོང་བརྡར་སྤྲོད་པ་དང་ངལ་རྩོལ་སྐུལ་འདེད་གཏོང་གི་མེད། ཞིང་འབྲོག་བོད་མི་ཚོར་ཁོང་ཚོའི་འདོད་མོས་ལྟར་འགྲུལ་འཁོར་ཁ་ལོ་བའི་སྦྱོང་བརྡར་དང་ཚ་ལ་རྒྱག་རྒྱུ་ལ་སོགས་པའི་ལག་རྩལ་སྦྱོང་བརྡར་སྤྲོད་ཀྱི་ཡོད་པ་འགྲེལ་བརྗོད་བྱས་འདུག
ཆོས་ཕྱོགས་ཀྱི་གནད་དོན་ནི་བོད་མི་ཚོར་ཧ་ཅང་ཚོར་བ་སྐྱེན་པོའི་གནད་དོན་ཞིག་ཡིན་པ་དང་། བོད་མིའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་༡༩༥༩ལོར་རྒྱ་གར་ནང་བཙན་བྱོལ་དུ་ཕེབས་དགོས་བྱུང་ཡོད་པ་དང་། དུས་ད་ལྟའང་བོད་ནང་ཆོས་ལུགས་ཀྱི་རང་དབང་མེད་ཁར་ཕྱི་རྒྱལ་གྱི་མི་སྣ་བོད་ནང་བསྐྱོད་རྒྱུར་དམ་བསྒྲགས་ཡོད་པ་རེད།
དེ་བཞིན་ཕྱི་རྒྱལ་གསར་འགོད་པས་བོད་རང་སྐྱོང་ལྗོངས་ཟེར་བའི་རྒྱ་ནག་དམར་ཤོག་ཚོགས་པའི་དྲུང་ཆེ་ཝུའུ་དབྱིང་ཅེས་ལ། ཕྱི་རྒྱལ་མི་རིགས་ཚོ་རྒྱ་ནག་གཞུང་གིས་གོ་སྒྲིག་བྱས་པའི་ལྟ་སྐོར་མ་གཏོགས་རང་མོས་ལྟར་བོད་ནང་འགྲོ་བསྐྱོད་མི་ཆོག་པའི་དམ་དྲག་ཡོད་པའི་སྐོར་ལ་དྲི་བ་དྲིས་བར། ཁོང་གིས། ཕྱི་རྒྱལ་མི་སྣས་བོད་ནང་རང་དབང་གི་སྒོ་ནས་ལྟ་སྐོར་བྱ་རྒྱུར་བདེ་འཇགས་ཀྱི་ཁོར་ཡུག་ཉེན་ཚབས་ཆེན་པོ་ཡོད་པར་རྒྱ་གཞུང་གི་ལས་བྱེད་པ་ཚོས་ངོས་འཛིན་བྱེད་ཀྱི་ཡོད་སྐོར་བརྗོད་འདུག