སྐུ་ཞབས་ལིའུ་ཞའོ་པོ་ཡི་པུར་ཐལ་རྒྱ་མཚོའི་ནང་བཤམས་ཡོད་པ།


2017.07.15
སྐུ་ཞབས་ལིའུ་ཞའོ་པོ་ཡི་པུར་ཐལ་རྒྱ་མཚོའི་ནང་བཤམས་ཡོད་པ། ནོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་དམངས་གཙོ་དོན་གཉེར་བ་ལིའུ་ཞའོ་པོའོ་ཡི་ཕུང་པོ་མེར་བསྲེགས་བཏང་རྗེས་པུར་ཐལ་རྒྱ་མཚོའི་ནང་བཤམས་ཡོད་འདུག
ཨེ་ཨེཕ་པི།

༄༅། །ནོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་དམངས་གཙོ་དོན་གཉེར་བ་ལིའུ་ཞའོ་པོ་ཡི་ཕུང་པོ་མེར་བསྲེགས་བཏང་བའི་པུར་ཐལ་རྒྱ་མཚོའི་ནང་བཤམས་ཡོད་འདུག
རྒྱ་ནག་གཞུང་འབྲེལ་གྱི་བརྙན་པར་ཕྱིར་བཏོན་བྱས་པའི་ནང་ དེ་རིང་གཟའ་སྤེན་པའི་ཉིན་སྐུ་ཞབས་ལིའུ་ཞའོ་པོ་ཡི་སྐུ་ཕུང་མེར་བསྲེག་བཏང་བའི་རྗེས་ ལིའུ་ཞའོ་པོ་ཡི་སྐུ་ཟླ་ལིའུ་ཞའ་དང་དེ་བཞིན་ལིའུ་ཞའོ་པོའོ་ཡི་སྤུན་མཆེད་ཚོས་ལིའུ་ཞའོ་པོ་ཡི་པུར་ཐལ་རྒྱ་མཚོའི་ནང་གཤམ་པའི་སྐོར་མཐོང་རྒྱུ་ཡོད་པ་རེད། ལིའུ་ཞའོ་པོ་ཡི་སྐུ་ཕུང་མེར་བསྲེགས་བཏང་བའི་རྗེས་ཁོང་གི་སྤུན་མཆེད་རྒན་པ་ལིའུ་ཞའོ་གོང་གིས་གསར་འགོད་ལྷན་ཚོགས་ཐོག་རྒྱ་ནག་གཞུང་འབྲེལ་དཔོན་རིགས་ཀྱིས་མི་ཆོས་རིང་ལུགས་ཀྱི་ལྟ་སྐྱོང་གནང་བར་ཐུགས་རྗེ་ཆེ་ཞེས་ཞུས་ཡོད་འདུག རྒྱ་ནག་གཞུང་གིས་ལིའུ་ཞའོ་པོ་ལ་བཅོས་ཐབས་བྲལ་བའི་འབྲས་སྐྲན་གྱི་ནད་གཞི་ཕོག་པའི་གནས་ཚུལ་ཕྱི་ཕྱོགས་སུ་གསང་བ་དམ་པོ་བྱས་ཡོད་པ་མ་ཟད།  ཕྱི་ཕྱོགས་ནས་ཁོང་གི་གཟའ་ཟླ་དང་ནང་མི་སྤུན་མཆེད་ཚོར་འབྲེལ་བ་བྱ་རྒྱུར་ཡང་དམ་དྲག་ནན་པོ་བྱས་ཡོད་ཅིང་།  ལིའུ་ཞའོ་པོ་ཡི་གཅེན་པོ་ལིའུ་ཞའོ་གོང་གིས་གསུངས་ན།  ལིའུ་ཞའོ་པོ་ཡི་གཟའ་ཟླ་ལིའུ་ཞའ་༢༠༡༠ལོ་ནས་བཟུང་རང་ཁྱིམ་དུ་བཟང་བཙོན་དུ་འཇོག་མུས་ཡིན་པ་དང་།   ཁོང་གི་གཟུགས་པོའི་གནས་སྟངས་ཡང་ཧ་ཅང་གི་སྐྱོ་པོ་ཡིན་པར་བརྟེན། ལིའུ་ཞའ་སྨན་ཁང་དུ་སྨན་བཅོས་ཀྱི་མཐུན་རྐྱེན་དགོས་མཁོ་ཡོད་པའི་སྐོར་གསུངས་འདུག   རྒྱ་ནག་ཧྲན་ཡང་གྲོང་ཁྱེར་གྱི་དཔོན་རིགས་ནས་ལིའུ་ཞའོ་པོ་ལ་མྱ་ངན་གྱི་འདུ་འཛོམས་ཆུང་ངུ་ཞིག་སྤེལ་ཡོད་པའི་སྐབས།  ཁོང་གི་གཟའ་ཟླ་དང་ནང་མི་སྤུན་མཆེད་དང་དགའ་ཉེ་བློ་དཀར་སོགས་མཉམ་ཞུགས་བྱས་ཡོད་པའི་སྐོར་བརྗོད་ཡོད་ཅིང་།  ཡིན་ནའི་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་རྒྱ་ནག་གི་གནད་དོན་ཉམས་ཞིབ་པ་Patrick Poon གྱིས་རྒྱ་ནག་གཞུང་ཕྱོགས་ནས་ཕྱིར་བསྒྲགས་བྱས་པའི་བརྙན་པར་ནང་ལིའུ་ཞའོ་ཕོ་ཡི་ནང་མི་མ་གཏོགས་དགའ་ཉེ་གཅིག་ཀྱང་མཐོང་རྒྱུ་མེད་པ་མ་ཟད།  བརྙན་པར་དེའི་ནང་ཉུང་ཐར་ཡང་བདེ་འཇགས་ཉེན་རྟོག་དཔོན་རིགས་ཤིག་མཐོང་རྒྱུ་ཡོད་པའི་སྐོར་གསུངས་འདུག  ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་པ་པོ་སྐུ་ཞབས་ལིའུ་ཞའོ་པོ་ཕྱི་ཟླ་ ༧ ཚེས་ ༡༣ ཉིན་འདས་གྲོངས་སུ་འགྱུར་བའི་རྗེས་། ཁོང་གི་གཟའ་ཟླ་ལིའུ་ཞའ་ཡི་གནས་སྟངས་ཐོག་མི་མང་པོས་སེམས་ཚབ་བྱེད་བཞིན་ཡོད་པ་དང་།   ཨ་རི་དང་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་སོགས་ཀྱིས་རྒྱ་ནག་གཞུང་གིས་ལིའུ་ཞའ་བཟང་བཙོན་ནས་གློད་བཀྲོལ་བཏང་སྟེ་ཁོང་རྒྱ་ནག་ནས་ཕྱི་རྒྱལ་དུ་འགྲོ་བསྐྱོད་ཆོག་པའི་ཆོག་མཆན་སྤྲོད་དགོས་ལུགས་འབོད་སྐུལ་གནང་བཞིན་ཡོད་པ་རེད།། 
གསར་འགོད་པ་འཆི་མེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎