༧གོང་ས་མཆོག་གིས་ཐུགས་ཕམ་ངང་གསུངས་འཕྲིན་བསྩལ་འདུག


2017.07.14
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག
པར་ཚགས།

སྤྱི་ནོར༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་སྐུ་ཞབས་ལིའུ་ཞའོ་པོ་མཆོག་སྐུ་གཤེགས་པར་ཐུགས་ཕམ་ཧ་ཅང་ཐུགས་ཕམ་ཆེན་པོ་བྱུང་བ་བཀའ་གནང་ཡོད་པ་རེད།
དེ་ཡང་སྤྱི་ཟླ་༧་ཚེས་༡༣་ཉིན། རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་དང་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་གྲགས་ཅན། ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་ལིའུ་ཞའོ་པོ་མཆོག་སྐུ་གཤེགས་པའི་གནས་ཚུལ་ཐོན་པར། ཚེས་༡༤་ཉིན་སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཆེད་དུ་བསྩལ་བའི་གསུང་འཕྲིན་ནང་།  ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་ལིའུ་ཞའོ་པོ་མཆོག་ཡུན་རིང་བཙོན་འཇུག་ཉེས་ཆད་ཕོག་བཞིན་པའི་མུར་སྐུ་གཤེགས་པའི་གནས་ཚུལ་ཐོན་པར་ངོས་རང་ཧ་ཅང་བློ་ཕམ་བྱུང་། དམ་པ་ཁོང་གི་སྐུ་ཟླ་ལྕམ་ལིའུ་ཞ་ལགས་ཀྱིས་གཙོས་ཤུལ་ལུས་ནང་མི་ལྟོས་བཅས་རྣམས་ལ་སེམས་གསོ་དང་སྦྲགས་སྨོན་ལམ་ཞུ་རྒྱུ་ཡིན་ཞེས་དང་།
དམ་པ་ཁོང་ད་ཆ་ང་ཚོའི་ཁྲོད་སྐུ་འཚོ་བཞུགས་མེད་ཀྱང་རྒྱ་ནག་ནང་བརྟན་ལྷིང་དང་འཆམ་མཐུན་གྱི་སྤྱི་ཚོགས་ཤིག་བསྐྲུན་ཆེད་དམ་པ་ཁོང་གིས་ཡུན་རིང་ནས་འབད་བརྩོན་གནང་ཡོད་སྟབས། ང་ཚོས་དམིགས་ཡུལ་དེ་དག་བསྒྲུབ་རྒྱུར་འབད་བརྩོན་བྱ་རྒྱུ་ནི་དམ་པ་ཁོང་ལ་གུས་འདུད་ཞུ་རྒྱུའི་མཚོན་རྟགས་ཡག་ཤོས་དེ་ཡིན། དམ་པ་ཁོང་གིས་རང་དབང་གི་དོན་དུ་འབད་བརྩོན་ལྷོད་མེད་གནང་བ་དེར་མི་རིང་བར་འབྲས་བུ་བཟང་པོ་ཞིག་སྨིན་རྒྱུར་ངོས་ཀྱི་ཡིད་ཆེས་བྱེད་བཞིན་ཡོད་ཅེས་བཀའ་གནང་འདུག
གཞན་ཡང་། ཨ་རིའི་སྲིད་འཛིན་(Trump)་མཆོག་གིས་སྐུ་ཞབས་ལིའུ་ཞོ་པོ་སྐུ་གཤེགས་པར་མྱ་ངན་གུས་འདུད་དང་། ཁོང་གི་སྐུ་ཟླ་ལྕམ་ལིའུ་ཞས་གཙོས་ནང་མི་ལ་གདོང་སེམས་མཉམ་སྐྱེ་ཞུ་རྒྱུ་ཡིན། འཇིགས་ཞུམ་མེད་པའི་ལས་འགུལ་བ་སྐུ་ཞབས་ལིའུ་ཞོ་པོ་ཡིས་སྐུ་ཚེ་ཧྲིལ་པོ་དམངས་གཙོ་དང་རང་དབང་འཚོལ་སྙེག་ཆེད་བློས་བཏང་བ་རེད་ཅེས་དང་། དེ་བཞིན་དུ་ཐེ་ཝན་སྲིད་འཛིན་ལྕམ་ཚེ་དབྱིན་ཝིན་མཆོག་གིས་དམངས་གཙོ་ལག་ལེན་དུ་བསྟར་རྒྱུ་ནི་སྐུ་ཞབས་ལིའུ་ཞོ་པོ་ཡི་རྒྱ་ནག་གི་རྨི་ལམ་ཡིན་ཞེས་དང་། ཡང་ནོར་ཝེ་ནོ་བེལ་ཞི་བདེ་གཟེངས་རྟགས་ཚོགས་ཆུང་གིས་སྐུ་ཞུབས་ལིའུ་ཞོ་པོ་སྐུ་གཤེགས་པར་རྒྱ་ནག་གཞུང་གི་འགན་ཆ་ཚང་འཁུར་དགོས་ཞེས་སྐྱོན་འཛུགས་བྱས་ཡོད་འདུག
ཡིན་ན་ཡང་རྒྱ་ནག་གཞུང་གིས་ཨ་རི་དང་། འཇར་མི་ནེ། ཧྥ་རན་སི། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་དོན་དམིགས་བསལ་སྐུ་ཚབ་བཅས་ལ་ངོ་རྒོལ་བྱས་པ་དང་ཆབས་ཅིག འབྲེལ་ཡོད་རྒྱལ་ཁབ་དག་གིས་རྒྱ་ནག་གི་ཁྲིམས་འཛིན་རང་དབང་ལ་བརྩི་བཀུར་ཞུ་རྒྱུར་སྐུལ་འདེད་ཞུས་ལུགས་རྒྱ་ནག་གཞུང་འབྲེལ་ཞིན་ཧྭ་གསར་ལས་ཁང་གིས་གནས་ཚུལ་བཀོད་འདུག
རྒྱ་ནག་གཞུང་གིས་སྐུ་ཞབས་ལིའུ་ཞོ་པོའི་སྐུ་ཟླ་ལྕམ་ལིའུ་ཞ་ཕྱི་རྒྱལ་དུ་གཏོང་མིན་ཐད་འགྲེལ་བརྗོད་ཅི་ཡང་བྱས་མི་འདུག

གསར་འགོད་པ་སྟག་ལྷ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎