རྒྱ་ནག་གཞུང་གིས་ལིའུ་ཞའོ་པོ་འདས་གྲོངས་སུ་ཕྱིན་ནས་ལོ་ལྔ་འཁོར་བའི་སྔ་ནུབ་དམ་དྲག་བྱས་འདུག
དེ་ཡང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྒྱ་སྐད་དང་ཀོང་ཏུང་སྐད་ཀྱི་སྡེ་ཚན་གྱིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཟླ་བདུན་པའི་ཚེས་༡༣ཉིན་མོ་དེ་ནི་ནོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་ལིའུ་ཞའོ་པོ་(Liu Xiaobo)་རྒྱ་ནག་གི་བཙོན་འོག་ནས་འདས་གྲོངས་སུ་ཕྱིན་ནས་ལོ་ངོ་ལྔ་འགོར་བའི་དུས་དྲན་ཉིན་མོ་ཡིན་པ་དང་། ལིའུ་ཞའོ་པོ་ཡི་གནད་དོན་སྐོར་རྒྱ་ནག་གཞུང་ཕྱོགས་ནས་ཕྱིར་བསྒྲགས་རྒྱུར་བཀག་སྡོམ་བྱེད་བཞིན་པར་བརྟེན། རྒྱ་ནག་གི་དམངས་གཙོ་དོན་གཉེར་ཅན་ཚོས་ཁོང་འདས་གྲོངས་སུ་ཕྱིན་པར་དྲན་གསོ་བྱ་རྒྱུར་ཡང་རྒྱ་ནག་གཞུང་གི་དམ་དྲག་ནན་མོ་བྱེད་བཞིན་པའི་གནས་སྟངས་ཁྲོད་གསང་བའི་ཐོག་ནས་བྱེད་དགོས་བྱུང་ཡོད་པ་རེད་འདུག ཡིན་ན་ཡང་ཕྱིའི་རྒྱལ་ཁབ་ཁག་ནང་ཡོད་པའི་རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་དང་དམངས་གཙོའི་ལམ་ལུགས་ལ་རྒྱབ་སྐྱོར་གནང་མཁན་ཚོས་ལིའུ་ཞའོ་པོ་ལ་དྲན་གསོའི་ལས་འགུལ་སྣ་ཚོགས་སྤེལ་ཡོད་པ་བཞིན། ཕྱི་རྒྱལ་དུ་ཡོད་པའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ཚོགས་པས་(twitter)་དྲ་རྒྱ་བརྒྱུད། ལིའུ་ཞའོ་པོ་ནི་ཇར་མན་གྱི་ཞི་བདེ་དོན་གཉེར་བ་(Von Ositsky)་ཡི་རྗེས་བཙོན་ཁང་ནང་འདས་གྲོངས་སུ་ཕྱིན་པའི་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཐོག་མ་དེ་ཡིན་པར་བརྟེན། ང་ཚོས་ངེས་པར་དུ་ལིའུ་ཞའོ་པོ་བརྗེད་མི་རུང་ལ་ཁོང་གི་ཤུལ་བཞག་རྒྱུད་འཛིན་བྱས་ནས་མུ་མཐུད་ནས་དམངས་གཙོ་དང་ཞི་བདེའི་ཆེད་ལས་དོན་སྤེལ་རྒྱུ་ཡིན་ཞེས་བྲིས་ཡོད་འདུག
རྒྱ་ནག་གི་བཙོན་ཁང་ནང་འདས་གྲོངས་སུ་ཕྱིན་པའི་རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་ལིའུ་ཞའོ་པོ་ཡིས་༢༠༠༨ཀྱི་རྩ་འཛིན་ཞེས་པ་ཟིན་བྲིས་དང་། དེའི་ཐོག་མཚན་རྟགས་ཐོག་མ་བསྐྱོན་གནང་མཁན་ཡིན་པ་དང་། རྩ་འཛིན་དེར་རྒྱ་ནག་གི་ལས་རིགས་འདྲ་མིན་གྱི་མི་སྣ་༣༠༠ལྷག་གིས་མཚན་རྟགས་བཀོད་ཡོད་ཅིང་། རྩ་འཛིན་གྱི་ནང་དོན་གཙོ་བོ་ནི། བསྒྱུར་བཅོས་ཀྱི་ལམ་ནས་རྒྱ་ནག་གི་ད་ཡོད་རྩ་ཁྲིམས་ལ་འགྱུར་བ་གཏོང་དགོས་བའི་འབོད་སྐུལ་གནང་ཡོད་པ་རེད། དེ་ནས་ཕྱི་ལོ་༢༠༡༠ལོར་ལིའུ་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་ཕུལ་ཡོད་པ་རེད། ཡིན་ན་ཡང་རྒྱ་ནག་གཞུང་གིས་ཁོང་བཙོན་འཇུག་གིས་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོར་བཏང་མེད་པ་རེད།
གསར་འགོད་པ། འཆི་མེད།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།