རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ཟེར་བར་ངོས་ལེན་མེད།
2017.04.05

རྒྱ་གར་དང་བོད་ཀྱི་ས་མཚམས་ལས་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ཟེར་བར་ང་ཚོས་ངོས་ལེན་མེད་ཅེས་མངའ་སྡེའི་བློན་ཆེན་གྱིས་གསུངས་འདུག
རྒྱ་གར་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་གིས་རྒྱ་གར་དང་བོད་ཀྱི་ས་མཚམས་ལས་རྒྱ་གར་དང་རྒྱ་ནག་གཉིས་ཀྱི་ས་མཚམས་ཟེར་བར་ང་ཚོས་ངོས་ལེན་མེད་ཅེས་བརྗོད་འདུག
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། སྤྱི་ཚེས་༥་ཉིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་བྱང་ཤར་འབུམ་སྡེ་ལར་ཡོད་པའི་སྟོན་པའི་སྐྱེད་མོས་ཚལ་ཞེས་བར་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒོ་ནས་ཚེ་དབང་བཀའ་དྲིན་སྩལ་གནང་མ་མཛད་གོང་མ་ཚོགས་ཁྲི་ཚོ་འགའ་ཤས་འདུ་འཛོམས་ཀྱི་སར། ཨ་རུ་ན་ཅཱལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་དང་། མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ། ནུབ་ཁེ་མེང་རྫོང་དཔོན་མཆོག་བཅས་གནད་ཡོད་མི་སྣ་ཁག་ཅིག་ཚོགས་བཅར་ཞུས་ཡོད་པ་རེད།
མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་གིས་གསར་འགོད་པར། རྒྱ་ནག་གིས་ཐེངས་འདིར་༧གོང་ས་ཏཱ་ལའི་བླ་མ་མཆོག་ཨ་རུ་ན་ཅལ་མངའ་སྡེའི་ནང་ཆིབས་སྒྱུར་དང་འབྲེལ་ནས་སྐྱོན་བརྗོད་བྱེད་བཞིན་པ་དེར་ཐད་ཀར་ཞུས་ན། ང་ཚོ་དང་རྒྱ་ནག་དབར་ས་འབྲེལ་འཁེལ་བའི་ས་མཚམས་མེད་ཅིང་། ང་ཚོ་དང་བོད་དབར་ས་འབྲེལ་དང་ས་མཚམས་ཡོད་པར་བརྟེན། རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ཟེར་བར་ང་ཚོས་ངོས་ལེན་མེད། དེར་བརྟེན་རྒྱ་ནག་གིས་གནད་དོན་འབྲེལ་བ་མེད་པ་ཞིག་གི་ཐོག་སེམས་འཚབ་བྱེད་དགོས་པ་དང་། ཨ་རུ་ན་ཅལ་མངའ་སྡེ་དང་རྒྱ་གར་རྒྱལ་ནང་གི་གནད་དོན་ཐོག་ཐེ་བྱུས་བྱེད་དགོས་པ་གང་ཡང་མེད་ཅེས་ལན་འདེབས་གནང་འདུག
ཡང་ཁོང་གིས་ཐེངས་འདིར་༧གོང་ས་མཆོག་སླར་ཡང་མངའ་སྡེ་འདིིའི་ནང་ཞབས་སོར་འཁོད་ཐུབ་པར་ང་ཚོ་ཚང་མའི་སེམས་ནང་སྤྲོ་སྣང་ཧ་ཅང་ཡོང་བཞིན་འདུག་པ་འདི་ནི་ཡུལ་མི་ཚོའི་ཕྱིའི་རྣམ་འགྱུར་ནས་གསལ་པོར་རྟོགས་ཐུབ་པ་ཞིག་རེད། ལྷག་པར་དེ་རིང་ནུབ་ཀེ་མེང་རྫོང་དུ་༧གོང་ས་མཆོག་གིས་མཛད་འཆར་ཉིན་དང་པོ་ཡིན་སྟབས་དད་ལྡན་ཆོས་ཞུ་བ་མང་པོ་ཞིག་དེར་འདུ་འཛོམས་བྱུང་ཡོད་ལ། ང་ཚོས་དད་ལྡན་མང་ཚོགས་རྣམས་ཀྱི་འདོད་དོན་སྒྲུབ་ཐུབ་རྒྱུའི་རེ་བ་ཞུ་བཞིན་ཡོད་ཅེས་སོགས་གསུངས་འདུག།
གསར་འགོད་པ་གུ་རུ་ཆོས་སྐྱིད།