གོ་ལ་སྤྱི་ཡོངས་སུ་ཏོག་དབྱིབས་ནད་ཡམས་ལ་མཐུན་མོང་གི་གདོང་ལེན་སྤྲོད་ཆེད་འགོག་ཁབ་བཟོ་བསྐྲུན་གྱི་གནས་ཚུལ་བརྗེ་ལེན་བྱ་རྒྱུའི་དམ་བཅའ་བཞག་པ།
དེ་ཡང་APEC འམ་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་མཉམ་སྦྲེལ་ཡུལ་ཁག་གི་ཆེས་མཐོའི་དབུ་འཁྲིད་དབར་གྱི་ལྷན་ཚོགས་དེ་ རིང་མིན་ཕྱི་ཟླ་༡༡པའི་ནང་New Zealand གྱི་རྒྱལ་ས་Wellington དུ་ཚོགས་གཏན་ཁེལ་ཡོད་པ་རེད།
རོ་ཨི་ཀྲར་གསར་ལས་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན་ལྷན་ཚོགས་ཀྱི་སྔ་རོལ་དུ་རེས་གཟའ་པ་སངས་ཉིན་ཨ་རིའི་སྲིད་འཛིན་Joe Biden དང་ར་ཤི་ཡའི་སྲིད་འཛིན་པུ་ཊིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་བཅས་གཙོས་པའི་ཚོགས་ཞུགས་རྒྱལ་ཁབ་ཀྱི་དབུ་ཁྲིད་རྣམས་པའི་དབར་དྲ་ལམ་བརྒྱུད་སྔོན་འགྲོའི་གྲོས་མོལ་མཇལ་འཕྲད་བཀའ་བསྡུར་གནང་ཞིང་ དེའི་ཐོག་དབུ་ཁྲིད་ཚང་མས་དེང་གི་འཆར་Delta variant ཞེས་རྣམ་པ་འགྱུར་བའི་ཏོག་དབྱིབས་ནད་ཡམས་ཀྱི་ནད་འབུ་ཁྱབ་གདལ་དུ་འགྲོ་བཞིན་པའི་ཛ་དྲག་གི་གནས་སྟངས་ཀྱི་རྐྱེན་པས་ Thailand དང་ Indonesia , Australia སོགས་ ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་ཡུལ་ཁག་ནང་མང་ཚོགས་ཀྱི་འཕྲོད་བསྟེན་དང་ས་གནས་ཀྱི་དཔལ་འབྱོར་གཉིས་ཐད་ནས་དོ་ཕོག་ཅི་ཆེ་བྱུང་བཞིན་པར་བརྟེན་ནད་ཡམས་ཁྱབ་གདལ་འགོག་སྲུང་སླད་རྒྱལ་ཁབ་ཕན་ཚུན་དབར་སྔོན་འགོག་སྨན་ཁབ་བཟོ་བསྐྲུན་གྱི་རིགས་རྩལ་དང་འཕྲུལ་ལས་མཉམ་སྤྱོད་བྱ་རྒྱུའི་མོས་མཐུན་བྱུང་ཡོད་ལུགས་བཟུང་འབྲེལ་གྱི་གསར་འགོད་བསྒྲགས་གཏམ་སྤེལ་ཡོད་པ་རེད། ནིའུ་ཛི་ལེནཊ་གྱི་སྲིད་བློན་ Jacinda Ardern ་ལགས་ཀྱིས་དྲ་ཐོག་གྲོས་མོལ་མཇལ་འཕྲད་འདིའི་ཐོག་ཕྱོགས་ཚང་མས་ཏོག་དབྱིབས་ནད་ཡམས་སྔོན་འགོག་གི་སྨན་ཁབ་དེ་བཞིན་རྒྱལ་ཁབ་ཁེར་རྐྱང་ཞིག་གི་གནད་དོན་ཞིག་མ་ཡིན་པར་འཛམ་གླིང་སྤྱི་ལ་ཁྱབ་པའི་གནད་དོན་ཞིག་ལ་ཚང་མས་ངོས་འཛིན་གནང་སྟེ་སྨན་ཁབ་བཟོ་བསྐྲུན་དང་བེད་སྤྱོད་བྱེད་སྟངས་དེ་བཞིན་མཉམ་སྤྱོད་བྱ་ཕྱོགས་བཅས་ཀྱི་ཐད་བཀའ་བསྡུར་ལྷུག་པོ་གནང་ནས་མ་འོངས་པར་འདི་ལྟ་བུའི་ནད་ཡམས་ལ་སྔ་ས་ནས་གདོང་ལེན་གྲ་སྒྲིག་བྱ་གལ་ཆེ་བའི་སྐོར་མཐུན་མོང་གི་མོས་མཐུན་བྱུང་ཡོད་ལུགས་གསུངས་འདུག གོང་གསལ་བཟུང་འབྲེལ་གྱི་གསར་འགོད་བསྒྲགས་གཏམ་ནང་གསལ་ལྟར་ན་ཨ་རིའི་སྲིད་འཛིན་Biden མཆོག་གིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་ཡུལ་ཁག་དབར་རང་དབང་ལྡན་པའི་སྒོ་ནས་མཉམ་ལས་བྱེད་གལ་ཆེ་བའི་སྐོར་དང་། ར་ཤི་ཡའི་སྲིད་འཛིན་Putin མཆོག་གིས་ཏོག་དབྱིབས་འགོག་སྲུང་གི་སྨན་ཁབ་བཟོ་བསྐྲུན་རྒྱ་ཁྱབ་སླད་སྨན་ཁབ་བཟོ་བསྐྲུན་བྱ་ཕྱོགས་དང་བགོས་འགྲེམས་ཀྱི་ཆ་རྐྱེན་ཁག་ལྷོད་དུ་གཏོང་དགོས་སྐོར་དང་། དེ་བཞིན་ཉི་ཧོང་གི་སྲིད་བློན་ Yoshihide Suga མཆོག་གིས་ནད་ཡམས་ཀྱི་གནས་སྟངས་ལ་མ་ལྟོས་པར་དབྱར་དུས་རྒྱལ་སྤྱིའི་ཨོ་ལམ་པིག་ལུས་རྩལ་འགྲན་ཚོགས་དེ་ཚགས་ཚུད་གང་ལེགས་གོ་སྒྲིག་ཞུ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་ནན་བརྗོད་གནང་འདུག གནས་ཚུལ་ནང་གསལ་ལྟར་ན་སྤྱིར་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་ཡུལ་ཁག་གི་དབུ་འཁྲིད་རྣམ་པའི་དབར་དྲ་ཐོག་ལྷན་ཚོགས་དེའི་ཐོག་ཚང་མས་མཉམ་སྦྲེལ་གྱི་ལས་དོན་སྤེལ་རྒྱུའི་གྲོས་མོལ་བཀའ་བསྡུར་གནང་ཡོད་པ་དང་ཆབས་ཅིག་COVID-19 ཏོག་དབྱིབས་ནད་ཡམས་ཀྱི་འབྱུང་ཁུངས་དང་འབྲེལ་བའི་གནད་དོན་དང་། ཧོང་ཀོང་དང་བོད། ཤར་ཏུར་ཀི་སི་ཐན། དེ་བཞིན་ལྷོ་རྒྱ་ནག་རྒྱ་མཚོའི་གནད་དོན་བཅས་ཀྱི་ཐད་ནས་རྒྱ་ནག་དང་ནུབ་ཕྱོགས་རྒྱལ་ཁབ་ཀྱི་དབུ་འཁྲིད་དབར་བསམ་ཚུལ་མི་མཐུན་པའི་གནད་དོན་ཡང་གླེང་གནང་ཡོད་པ་རེད།
གསར་འགོད་པ། དོན་གྲུབ་རྣམ་རྒྱལ།
རྩོམ་སྒྲིག་འགན་འཛིན། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།