རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཐོག་འདྲི་རྩད་ནན་པོ་བྱེད་དགོས།
2018.11.05
རྒྱ་ནག་གཞུང་གིས་བོད་ནང་འགྲོ་མིའི་ཐོབ་ཐང་རྡོག་རོལ་གཏོང་རྐྱང་བྱེད་བཞིན་ཡོད་པ་ལས་བཟང་ཕྱོགས་ཀྱི་འགྱུར་བ་བཏང་མེད་པས་སང་ཉིན་ཕྱི་ཚེས་༦ཉིན་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐོག་བསྐྱར་ཞིབ་སྐབས་འདྲི་རྩད་ནན་པོ་གནང་རོགས་ཅེས་མཉམ་འབྲེལ་རྒྱལ་ཚོགས་ནང་ཟུར་དུ་བོད་མིའི་ཕྱོགས་ནས་ཚོགས་འདུ་བསྡུ་སྐོང་གིས་འབོད་སྐུལ་ཞུས་ཡོད་པ་རེད།
སང་ཉིན་གཟའ་མིག་དམར་ཉིན་སུད་སིའི་གྲོང་ཁྱེར་ཇི་ནི་ཝར་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་དུ་འབྲེལ་ཡོད་ཚོགས་མིའི་རྒྱལ་ཁབ་ཁག་གིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཐོག་བསྐྱར་ཞིབ་ཐེངས་གསུམ་པའི་ལས་འཆར་སྤེལ་རྒྱུ་ཡིན་ཞིང་། དེའི་སྔོན་སྟེ་ཕྱི་ཚེས་བཞི་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་དང་ཇི་ནི་ཝ་རུ་རྟེན་གཞི་བྱས་པའི་བོད་ཀྱི་སྐུ་ཚབ་དོན་ཁང་གཉིས་ཟུང་སྦྲེལ་ཐོག ཇི་ནི་ཝ་རུ་མཉམ་འབྲེལ་རྒྱལ་ཚོགས་ནང་ཟུར་དུ་ཚོགས་འདུ་ཞིག་བསྡུ་སྐོང་གནང་སྟེ། རྒྱ་ནག་གཞུང་གིས་བོད་ནང་མུ་མཐུད་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་ཡོད་པ་ལས་ བཟང་ཕྱོགས་ཀྱི་འགྱུར་བ་གཏོང་གི་མེད་པས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐོག་བསྐྱར་ཞིབ་སྐབས་འདྲི་རྩད་ནན་པོ་གནང་རོགས་ཞེས་འབོད་སྐུལ་ཞུས་ཡོད་པ་དང་། དེ་དང་མཉམ་དུ་ཚོགས་ཁང་ཕྱི་རོལ་དུ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ངོ་རྒོལ་སྐད་འབོད་བྱས་ཡོད་འདུག
སུད་སིའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་ཀྱི་ལས་བྱེད་པ་སྐལ་ལྡན་མཚོ་མོ་ལགས་ཀྱིས་ཚོགས་འདུ་དེའི་ཐོག་རྒྱ་ནག་གི་བྱ་སྤྱོད་ཐོག་རྒྱལ་ཁབ་མང་པོ་ཞིག་གིས་མི་འདོད་པའི་རྣམ་འགྱུར་སྟོན་བཞིན་པའི་དུས་འདིར་བོད་མིའི་ཕྱོགས་ནས་གོ་སྐབས་བཟུང་རྒྱུ་གལ་ཆེན་ཡིན་པ་གསུངས་ཤིང་། ཁོང་གིས་ དེང་སྐབས་རྒྱ་ནག་གཞུང་གིས་འཛམ་གླིང་ཡོངས་སུ་དཔལ་འབྱོར་དང་ཚོང་འབྲེལ་གྱི་ཁེ་ཕན་བེད་སྤྱད་ནས་ཆབ་སྲིད་ཀྱི་གནོན་ཤུགས་སྤྲོད་པ་དང་ཆབས་ཅིག འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་འགན་དབང་ཡོད་པའི་མིང་ཁ་ལ་འཁྱེར་ནས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་འདི་རྒྱ་ནག་རང་ཉིད་ཀྱི་ཁེ་ཕན་ཆེད་དུ་བེད་སྤྱོད་བྱེད་བཞིན་ཡོད་སྟབས། ཚོགས་མི་རྒྱལ་ཁབ་མང་པོ་ཞིག་གིས་རྒྱ་ནག་གི་བྱ་སྤྱོད་ལ་འདོད་བློ་མི་ཁེངས་པའི་རྣམ་འགྱུར་སྟོན་བཞིན་པའི་སྐབས་འདིར་བོད་མིའི་ཕྱོགས་ནས་གོ་སྐབས་དམ་འཛིན་བྱ་རྒྱུ་གལ་ཆེན་པོ་རེད་ཅེས་གསུངས་འདུག
བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་ཟུང་འབྲེལ་གྱི་ཐོག་ནས་གོ་སྒྲིག་གནང་པའི་ཚོགས་འདུ་དེའི་ཐོག་བོད་གཅིག་པུ་མ་ཡིན་པར། ཡུ་གུར་དང་ལྷོ་སོག་བཅས་ཀྱི་སྐུ་ཚབ་ཡང་མཉམ་ཞུགས་གནང་ཡོད་པ་རེད།
འགྲོ་བ་མིའི་ཐོབ་ཐང་གི་དངོས་ཡོད་གནས་སྟངས་གསལ་རྟོགས་ཐུབ་ཆེད་དམིཊ་ཡོད་འདུག
གསར་འགོད་པ་རྡོ་རྗེ་མཚོ།