བོད་གསེར་རྟ་རྫོངས་ཁུངས་གྲྭ་བ་ཞིག་འཛིན་བཟུང་བྱས་པ།
2009.02.26
༄༅༎བཙན་བྱོལ་བོད་མི་མང་མདོ་སྨད་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བར་གཞིགས་ན་བོད་ཀྱི་ལོ་གསར་གྱི་ཚེས་གཅིག་ཉིན་གུང་ཙམ་ལ་གསེར་རྟ་རྫོངས་ཁུངས་གྲྭ་བ་ཞིག་གིས་རྒྱ་གཞུང་གིས་༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས།བོད་ནི་ལོ་རྒྱུས་ཐོག་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་ཞེས་སྐད་འབོད་བྱས་ཏེ་སྐར་མ་བཅུ་ཙམ་ཞིག་ཕྱིན་རྗེས་ཁོང་སྤྱི་བདེ་མི་སྣས་ཉེས་བརྡུང་བཏང་ནས་འཛིན་བཟུང་བྱས་ཡོད་ནའང་གྲྭ་བ་དེའི་མཚན་དང་དགོན་པ་གང་ནས་ཡིན་པ་སོགས་ད་ལྟའི་ཆར་རྩད་གཅོད་གནང་ཐུབ་མེད་སྐོར་བོད་ནས་མིག་མཐོང་བྱུང་བ་ཞིག་གིས་བརྗོད་ཡོད་པ་གསེར་རྟ་ཚུལ་ཁྲིམས་ལགས་ཀྱིས་ལུང་འདྲེན་གནང་འདུག
དེ་བཞིན་ལོ་གསར་གྱི་ཚེས་གཅིག་ཉིན་དེར་གསེར་རྟ་སེ་ར་དགོན་པའི་དགེ་འདུན་པ་དྲུག་བཅུ་བདུན་བཅུ་ལྷག་ཅིག་གིས་སེ་ར་དགོན་པ་ནས་ཁས་སྐོར་ཞང་བར་མེ་ལེ་ཉི་ཤུ་སར་ཡོང་ནས་ཉིན་གུང་ནས་བཟུང་ཤང་སྲིད་གཞུང་གི་ལས་ཁུངས་མདུན་ཟས་བཅད་ངོ་རྒོལ་བྱས་ཡོད་ལ་ཁོང་ཚོའི་ཟས་བཅད་ངོ་རྒོལ་གྱི་དམིགས་ཡུལ་ནི་༸གོང་ས་མཆོག་བོད་ནང་ཕྱིར་ཕེབས་གདན་འདྲེན་ཞུ་དགོས་པ་དང་ཕྱི་ལོ་ཉིས་སྟོང་བརྒྱད་ལོར་བོད་མི་མང་པོའི་ཚེ་སྲོག་ཤོར་ཡོད་པ་དང་ད་ལྟའང་མང་པོ་ཞིག་བཙོན་བཅུག་ཡོད་པ་ཚོར་གདུང་སེམས་མཉམ་སྐྱེད་ཆེད་ཟས་བཅད་ངོ་རྒོལ་གནང་བ་ཡིན་ཞེས་གསུངས་འདུག ཡིན་ནའང་ཟས་བཅད་ངོ་རྒོལ་འགོ་བཙུགས་ནས་དུས་ཚོད་གང་ཡང་མ་སོང་གོང་ཁས་སྐོར་ཤང་གི་བོད་རིགས་ལས་བྱེད་དང་ས་གནས་ཀྱི་བོད་མི་རྒན་གྲས་ཤིག་གིས་ཁོང་ཚོའི་ལས་འགུལ་དེ་འཕྲལ་དུ་མཚམས་འཇོག་མ་གནང་ན་སྤྱི་བདེ་མི་སྣས་ཉེས་བརྡུང་དང་འཛིན་བཟུང་བྱེད་ངེས་ཡིན་པའི་ཞུ་ནན་བྱས་སྟབས་ཟས་བཅད་ངོ་རྒོལ་དེ་མཚམས་འཇོག་དཀའ་མེད་ཆགས་ཡོད་པ་རེད། ཡིན་ནའང་དལྟའི་ཆར་འཛིན་བཟུང་གི་གནས་ཚུལ་བྱུང་བ་ཤེས་རྟོགས་བྱུང་མེད་ལ་དེ་མིན་ད་ལྟ་གསེར་རྟ་ཁུལ་གྱི་མི་མང་རྣམས་ལོ་གསར་སྲུང བརྩི་གནང་གི་མེད་པ་མ་ཟད་ཁྱིམ་ཚང་སོ་སོ་སྒོར་དར་ལྕོག་ནག་པོ་བཙུགས་ནས་ཕྱི་ལོ་ཉིས་སྟོང་བརྒྱད་ལོར་བོད་མི་མང་པོའི་ཚེ་སྲོག་ཤོར་བ་དང་བཙོན་བཅུག་ཏུ་ཡོད་པ་རྣམས་ལ་གདུང་སེམས་མཉམ་སྐྱེད་མཚོན་ཆེད་ཡིན་པ་རེད༎