གསེར་ཉ་སྟོང་ཕྲག་མང་པོའི་སྲོག་བསྐྱབས་པ།


2016.02.15
གསེར་ཉ་སྟོང་ཕྲག་མང་པོ་སྲུང་སྐྱོབ་གནང་འདུག ཁྲིམས་འགལ་གྱི་ཉ་པ་ཚོས་བཞག་པའི་དྲ་བ་ཉིས་བརྒྱ་ལྷག་ཙམ་མཚོའི་འཁྱགས་པ་འོག་ནས་བཏོན་པ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན། ཀུན་བཟང་བསྟན་འཛིན།

༄༅།    །བོད་ཀྱི་མཚོ་སྔོན་ཁུལ་གྱི་མཚོ་སྔོན་པའི་ཐོག་ཁྲིམས་འགལ་གྱི་ཉ་པ་ཚོས་བཞག་པའི་དྲ་བ་ཉིས་བརྒྱ་ལྷག་ཙམ་མཚོའི་འཁྱགས་པ་འོག་ནས་བཏོན་ནས་གསེར་ཉ་སྟོང་ཕྲག་མང་པོའི་སྲོག་བསྐྱབས་པའི་གནས་ཚུལ་ཤེས་རྟོགས་བྱུང་འདུག བོད་ནས་བོད་མི་ཞིག་གིས་ང་ཚོའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་སུ་གནས་ཚུལ་མུ་མཐུད་ནས་བཏང་བའི་ནང་ཁོང་གིས་གསུངས་དོན་ལ་མཚོ་སྔོན་པོིའི་ཉེ་འཁོར་དུ་བཞུགས་པའི་བོད་མི་རྣམས་ཀྱི་ཁྲོད་ནས་བོད་མི་མང་པོས་དང་བླངས་ཀྱིས་མཚོ་སྔོན་པའི་ཉེ་འཁོར་གྱི་ཁོར་ཡུག་སྲུང་སྐྱོབ་དང་གསེར་ཉ་ཁྲིམས་འགལ་གྱི་ཉ་པ་ནས་སྲུང་སྐྱོབ་ཀྱི་ཆེད་དུ་ཉིན་མཚན་མེད་པར་ས་ཁུལ་དུ་དངོས་སུ་ཕེབས་ནས་ལས་འགུལ་སྤེལ་གྱི་ཡོད་ཅིང་། ཉེ་སྔོན་བོད་ཀྱི་ལོ་གསར་ཚེ་གཅིག་དང་ཚེ་བཞིའི་ཉིན་དང་བླངས་པ་རྣམས་ལ་རྒྱ་མིའི་ཉ་པ་ཚོས་ཉེས་རྡུང་བཏང་བ་དང་། ས་གནས་ཀྱི་ཉེན་རྟོག་པ་ཚོས་ཉ་པ་ཚོའི་མཉམ་དུ་ཁ་མཐུན་ལག་འབྲེལ་གྱི་གནས་ཚུལ་བྱུང་ཡོད་པ་རེད། འོན་ཀྱང་གསེར་ཉ་སྲུང་སྐྱོབ་པ་རྣམས་ཀྱི་ཞུམ་པ་མེད་པའི་ཐོག་མུ་མཐུད་ནས་བོད་ཀྱི་ལོ་གསར་ཚེས་དྲུག་ནས་བརྒྱད་བར་སྐོར་སྲུང་བྱས་པའི་ཁྲོད་དུ་ཉ་པ་ཚོས་འཁྱགས་འཐེབས་པའི་མཚོའི་ཐོག་ཨི་ཁུང་ཕུགས་ནས་ཉ་འཛིན་བྱེད་དྲ་བ་མང་པོ་བཙུགས་ཡོད་པའི་ནང་དུ་ཚུད་པའི་ཉ་སྲོག་སྐྱོབ་ཀྱི་ཆེད་དུ་ཉིན་གྲངས་གསུམ་གྱི་ནང་དུ་དྲ་བ་༢༠༠ལྷག་ཙམ་འཁྱགས་ཟིན་པའི་མཚོ་སྔོན་པོའི་འོག་ནས་ཡར་བཏོན་ནས་གསེར་ཉའི་སྲོག་སྐྱོབ་གནང་འདུག དྲ་བ་ཕྱིར་བཏོན་ནས་གསེར་ཉ་མང་པོའི་ཚེ་སྲོག་སྐྱོབ་ཐུབ་ཡོད་ཀྱང་། དྲ་བའི་ནང་དུ་ཉ་མང་པོ་ཤི་ཟིན་ཡོད་པ་རེད་འདུག གསེར་ཉ་སྲུང་སྐྱོབ་པ་རྣམས་ཀྱི་དགུན་དུས་འཁྱགས་པ་འཁྱགས་པའི་མཚོའི་འོག་ནས་ཉ་སྲུང་སྐྱོབ་དང་། དབྱར་དུས་ཀྱི་ཕྱི་ཟླ་དྲུག་པ་དང་བདུན་པའི་ནང་རི་བརྒྱུད་ནས་ཆུ་རྒྱུགས་པའི་ནང་ཉ་མང་པོ་མཚོ་ནང་དུ་མ་འབྱོར་བའི་སྔོན་དུ་རྒྱུགས་ཆུའི་ནང་ཆུ་ཆད་ནས་ཉ་མང་པོ་ཤི་འགྲོ་གི་ཡོད་པ་ཁག་ཀྱང་དང་བླངས་གསེར་ཉ་སྲུང་སྐྱོབ་པ་རྣམས་ཀྱིས་སྐྱོབས་ནས་མཚོའི་ནང་དུ་བསྐྱེལ་གྱི་ཡོད་པ་རེད་འདུག།


གསར་འགོད་པ་ཀརྨ་རྡོ་རྗེ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎