རྒྱ་གར་རྒྱ་མཚོའི་མཚོ་གླིང་ཞིག་ནས་གནམ་གྲུའི་ལྷུ་ལག་ཞིག་རྙེད་པ།
2015.07.30
རྒྱ་མཚོ་ནས་རྙེད་པའི་ལྷུ་ལག་དེ་བོར་བརླག་ཏུ་སོང་བའི་མ་ཡེ་ལེ་ཤེ་ཡའི་གནམ་གྲུའི་ལྷུ་ལག་ཡིན་པ་ཕལ་ཆེར་ཐག་ཆོད་པ་འདུག་གསུངས།
དེ་ཡང་ཉིན་ཤས་གོང་རྒྱ་གར་རྒྱ་མཚོའི་ནང་ཡོད་པའི་མཚོ་གླིང་ཞིག་གི་མཚོ་ཁར་གནམ་གྲུའི་ལྷུ་ལག་ཆ་ཤས་ཞིག་རྙེད་སོན་བྱུང་ཡོད་པ་དང་། དེ་ནི་ལོ་སྔོན་མར་གར་སོང་ཆ་མེད་དུ་གྱུར་བའི་མ་ལེ་ཡེ་ཤེ་ཡའི་འགྲུལ་བསྐྱོད་གནམ་གྲུ་དེ་དང་གཅིག་མཚུངས་Boeing777རྟགས་ཅན་གྱི་ལྷུ་ལག་ཡིན་པ་ཕལ་ཆེར་ཐག་ཆོད་པ་ཞིག་ཡིན་སྐོར་མ་ལེ་ཡེ་ཤེ་ཡའི་འགྲིམ་འགྲུལ་བློན་ཆེན་གཞོན་པ་ Abdul Aziz Kaprawiཡིས་གསུངས་འདུག
ལོ་སྔོན་མའི་ཕྱི་ཟླ་༣པའི་ནང་འགྲུལ་པ་མི་གྲངས་༢༣༩ཡོད་པའི་མ་ལེ་ཡེ་ཤེ་ཡའི་འགྲུལ་བསྐྱོད་གནམ་གྲུ་ཞིག་ཡུལ་དེའི་རྒྱལ་ས་Kuala Lampurནས་རྒྱ་ནག་གི་རྒྱལ་ས་པི་ཅིང་ཕྱོགས་སུ་འཕུར་བསྐྱོད་བྱེད་བཞིན་པའི་སྐབས། གློ་བུར་བར་སྣང་ཐོག་གར་སོང་ཆ་མེད་དུ་གྱུར་ཏེ་ད་བར་འཛམ་གླིང་རྒྱལ་ཁབ་མང་པོས་རྩད་གཅོད་བྱས་ཀྱང་གནས་ཚུལ་ཇི་བྱུང་ཤེས་ཚོར་མ་བྱུང་མེད་པ་རེད། ཉིན་ཤས་གོང་རྒྱ་གར་རྒྱ་མཚོའི་ནང་ཡོད་པའི་Reunionཞེས་པའི་མཚོ་གླིང་གི་མཚོ་ཁར་གནམ་གྲུའི་ལྷུ་ལག་ཞིག་རྙེད་སོན་བྱུང་བ་དེར་ཆེད་ལས་མཁས་པ་ཚོས་རྟག་དཔྱད་བྱས་སྐབས། དེ་ནི་གནམ་གྲུའི་མདུན་གྱི་ཤོག་པའི་ཆ་ཤས་ཞིག་ཡིན་པ་མ་ཟད། ཤོག་པའི་ཆ་ཤས་དེ་ཡང་ཕལ་ཆེར་ལོ་སྔོན་མར་གར་སོང་ཆ་མེད་དུ་གྱུར་བའི་གནམ་གྲུ་དེ་དང་གཅིག་མཚུངས་Boeing 777རྟགས་ཅན་གྱི་ལྷུ་ལག་ཡིན་པར་ཡིད་ཆེས་བྱེད་ཀྱི་ཡོད་པ་ལྟར། འདི་ཚེས་༣༠ཉིན་གསར་འགོད་ལྷན་ཚོགས་ཤིག་གི་ཐོག མ་ལེ་ཡེ་ཤེ་ཡའི་འགྲིམ་འགྲུལ་བློན་ཆེན་གཞོན་པ་Abdul Aziz Kaprawiཡིས་ཀྱང༌། ད་ལམ་Reunionམཚོ་གླིང་དུ་རྙེད་སོན་བྱུང་བ་དེ་བཞིན་ཕལ་ཆེར་Boeing777རྟགས་ཅན་གྱི་ལྷུ་ལག་ཡིན་པར་ངེས་པ་རྙེད་ཀྱི་འདུག་ཀྱང༌། མུ་མཐུད་ལྷུ་ལག་དེ་བཞིན་ལོ་སྔོན་མར་གར་སོང་ཆ་མེད་དུ་གྱུར་བའི་གནམ་གྲུ་དེ་རང་གི་ཆ་ཤས་ཡིན་མིན་གསལ་པོ་ཤེས་རྟོགས་ཡོང་རྒྱུའི་ཆེད། ང་ཚོའི་རྟོགས་ཞིབ་ཚོགས་ཆུང་ཞིག Reunionམཚོ་གླིང་དུ་བསྐྱོད་ཀྱི་ཡོད་ཅེས་གསུང་འདུག
Reunionཞེས་པ་ནི་ཨ་ཧྥི་རི་ཀའི་གླིང་ཆེན་གྱི་ཤར་ཕྱོགས་རྒྱ་གར་རྒྱ་མཚོའི་ནང་ཡོད་པའི་མཚོ་གླིང་ཆུང་ངུ་ཞིག་ཡིན་པ་རེད།
གསར་འགོད་པ་ངག་ཆོས།