བོད་མི་ཆབ་སྲིད་བཙོན་པ་སྒོ་ཤུལ་བློ་བཟང་ལགས་སྐུ་གྲོངས་འདུག
2014.03.21

གསོན་ཐུབ་པའི་རེ་བ་མེད་པར་བཙོན་བཀྲོལ་བཏང་བའི་བོད་མི་ཆབ་སྲིད་བཙོན་པ་སྒོ་ཤུལ་བློ་བཟང་ལགས་སྐུ་གྲོངས་འདུག
འདི་ག་རླུང་འཕྲིན་ཁང་ལ་བོད་ནས་གནས་ཚུལ་འབྱོར་དོན། རྒྱ་ནག་གིས་བཙོན་ཁང་ནང་གཅར་རྡུང་མནར་གཅོད་བཏང་སྟེ་སྲོག་ཉེན་ཡོད་པའི་གནས་སུ་བསྐྱལ་རྗེས་བཙོན་བཀྲོལ་བཏང་བའི་མདོ་སྨད་ཀན་ལྷོ་རྨ་ཆུ་ཕྱོགས་ཀྱི་བོད་མི་ཆབ་སྲིད་བཙོན་པ་སྒོ་ཤུལ་བློ་བཟང་ལགས་ཟླ་འདི་ཚེས་༡༩ཉིན་སྐུ་གྲོངས་འདུག ཁོ་ནི་དེ་སྔོན་༢༠༠༨ ལོའི་རྨ་ཆུ་དབལ་པན་ཡུལ་ཚོའི་བོད་མི་ཚོའི་ཞི་བའི་ངོ་རྒོལ་ལས་འགུལ་གྱི་སྣེ་འཁྲིད་པ་ཡིན་པའི་ཉེས་མིང་འོག་རྒྱ་ནག་གི་འབྲེལ་ཡོད་ཚན་པས་ཕྱི་ལོ་༢༠༡༠ ལོའི་ཟླ་༥ བར་འཛིན་བཟུང་བྱས་བ་དང་། རིམ་པས་རྒྱ་ནག་གི་ལན་ཀྲུའུ་གྲོང་ཁྱེར་ཕྱོགས་ཀྱི་བཙོན་ཁང་ཞིག་ཏུ་བཙོན་འཇུག་བྱས་ཡོད། བཙོན་ཁང་དུ་བཙོན་སྲུང་བ་དང་། ཉེན་རྟོག་པས་ཡང་ཡང་འདྲི་རྩད་དང་གཅར་རྡུང་མནར་གཅོད་བཏང་རྐྱེན་ནད་པར་བཟོས་པ་དང་། དེའི་ཐོག་ཟ་མ་ཟ་མ་ཐུབ་པ་དང་སྨན་བཅོས་མཐུན་རྐྱེན་མ་རག་པ་སོགས་ཀྱིས་གཟུགས་པོ་སྐམ་པོ་ཆགས་ཏེ སྲོག་ཉེན་ཡོད་པའི་གནས་སུ་བསྐྱལ་རྗེས། སྔར་ལོའི་ཧོར་ཟླ་༡༠ ཚེས་༢༧ཉིན་གློད་བཀྲོལ་བཏང་ཡོད་ཀྱང་ད་བར་དྲག་བསྐྱེད་གང་ཡང་མ་བྱུང་བར་ཉལ་སར་ལྷག་ཡོད་པ་རེད།
སྒོ་ཤུལ་བློ་བཟང་ལགས་ནི་ཀན་ལྷོ་ཁུལ་རྨ་ཆུ་རྫོང་དབལ་པཎ་ཡུལ་ཚོའི་མི་དང་། ད་ལྟ་དགུང་ལོ་༤༣ཙམ་ཡིན་པར་ཁོང་གི་བཟའ་ཟླ་ཏཱ་རེ་དང་ཁོང་གཉིས་བུ་གཅིག་དང་བུ་མོ་གཅིག་ཡོད་པ་རེད་འདུག་ལ་ཁོང་དེ་སྔོན་སྤྱི་ལོ་༡༩༩༢་ལོར་རྒྱ་གར་དུ་ཡོང་ནས་ སུ་ཇ་བོད་ཁྱིམ་སློབ་གྲྭར་སློབ་སྦྱོང་བྱས་མྱོང་ཡོད་པ་རེད་འདུག
ཞིབ་ཕྲའི་གནས་ཚུལ་ང་ཚོའི་གསར་འགོད་པ་བློ་བེ་ཡིས་བཏང་བར་གསན་རོགས།
གསར་འགོད་པ་ཀླུ་འབུམ།