བོད་མི་མང་སྤྱི་འཐུས་ལྷན་ཚོགས་དབུ་བཙུགས་གནང་འདུག
2014.09.12

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་རྒྱ་གར་ལ་འབྱོར་ལ་ཉེ་བའི་རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་ཕེན་ལ་བོད་དོན་སྙན་ཞུ་ཕུལ་འདུག དེ་ཡང་བཙན་བྱོལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཚོགས་དུས་བརྒྱད་པ་དེ་རེས་གཟའ་པ་སངས་ཉིན་བཞུགས་སྒར་དུ་དབུ་འཛུགས་གནང་ཡོད་པ་དང་། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས། ཚོགས་འདུ་དབུ་འབྱེད་སྐབས་རྒྱ་གར་གཞུང་དམངས་གཉིས་ལ་ཐུགས་རྗེ་ལེགས་གསོལ་ཞུས་པ་དང་འབྲེལ་བདུན་ཕྲག་རྗེས་མ་རྒྱ་ནག་གི་སྲིད་འཛིན་Xi Jinping རྒྱ་གར་དུ་རྒྱལ་དོན་འཚམས་འདྲིར་ཕེབས་སྐབས་དང་བསྟུན་ཏེ་རྒྱ་ནག་གི་སྲིད་འཛིན་མཆོག་ནས་བོད་དོན་སེལ་ཐབས་གནང་དགོས་པ་དང་། རྒྱ་གར་གྱི་སྲིད་བློན་མཆོག་ནས་རྒྱ་ནག་གི་སྲིད་བློན་ལྷན་དང་མཇལ་མོལ་སྐབས་བོད་དོན་གླེང་སློང་གནང་སྐྱོང་ཡོང་བ་བཅས་འབོད་སྐུལ་གྱི་གསུངས་བཤད་གནང་ཡོད་པ་རེད། ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས། སྲིད་འཛིན་ཞི་ཅིན་ཕེན་གཙོས་པའི་རྒྱ་ནག་གི་འགོ་ཁྲིད་རྣམ་པས་བོད་དོན་ཐོག་དོ་སྣང་ཤུགས་ཆེ་རུ་གནང་དགོས་རྒྱུ་གལ་ཆེ་བ་དང་། ལྷག་པར་སྲིད་འཛིན་རང་ཉིད་ནས་འགན་འཁུར་བཞེས་པའི་ཐོག་ བོད་ནང་གི་གནས་སྟངས་ལ་ཞིབ་འཇུག་བྱ་རྒྱུ་དང་། མཐར་ཐུག་བོད་མིའི་དཀའ་ངལ་སེལ་རྒྱུ། མཐའ་བསྡོམས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་གཞིར་བཟུང་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ནས་བོད་རྒྱ་གཉིས་ཕན་གྲོས་མོལ་གྱི་ལམ་ནས་སེལ་ཐུབ་རྒྱུའི་རེ་བ་ཞུ་བཞིན་པ་དང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་གསལ་གཞིར་བཟུང་རྒྱ་ནག་ཁྱོན་ཡོངས་ཀྱི་གྲངས་ཉུང་མི་རིགས་ཚོའི་བདེ་སྡུག་ལ་བདག་སྐྱོང་གནང་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་པ་ནན་བརྗོད་གནང་འདུག གཞན་ཡང་སྤྱི་འཐུས་ཚོགས་གཅོ་མཆོག་གིས་གསུངས་གསལ་ལྟར་ན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ངོས་ནས་བོད་ཀྱི་དངོས་ཡོད་གནས་སྟངས་ལ་རྟོགས་ཞིབ་སླད་ལྡི་ལིར་བཅའ་བཞུགས་རྒྱ་ནག་གཞུང་ཚབ་བརྒྱུད་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་པ་ཞིག་བོད་ནང་རྟོགས་ཞིབ་དུ་བསྐྱོད་རྒྱུར་འབོད་སྐུལ་བྱས་ཡོད་ཀྱང་ད་བར་བཟང་ངན་གྱི་བརྡ་ལན་གང་ཡང་འབྱོར་མེད་པ་གསལ་འདོན་གནང་འདུག སྲིད་འཛིན་ཞི་ཅིན་ཕེན་རྒྱ་གར་དུ་ཕེབས་སྐབས་རྒྱ་དཀར་ནག་གཉིས་དབར་ཚོང་འབྲེལ་གཙོ་བོར་གྱུར་བའི་འབྲེལ་ལམ་དམ་ཟབ་གཏོང་རྒྱུའི་མཛད་འཆར་ཡིན་ཡང་མཇལ་མོལ་དེ་ཚོའི་ཐོག་ས་མཚམས་དང་བོད་ཀྱི་གནད་དོན་གླེང་སློང་དགོས་པ་མ་ཟད། རྒྱ་གར་ཕྱོགས་ནས་བོད་ཐོག་འཛིན་པའི་སྲིད་བྱུས་ཁ་གསལ་དུ་བཏང་སྟེ་བོད་རྒྱའི་དཀའ་རྙོག་སེལ་རྒྱུར་རམ་འདེགས་དང་མཐུན་འགྱུར་གནང་དགོས་པ་བཅས་འབོད་སྐུལ་ནན་བརྗོད་གནང་འདུག
ད་ཐེངས་ཀྱི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་དེ་ཕྱི་ཚེས་༡༢ནས་འགོ་འཛུགས་ཀྱིས་ཕྱི་ཚེས་༢༤བར་ཉིན་གྲངས་བཅུ་གཅིག་རིང་ཚོགས་གཏན་འཁེལ་ཡོད་པ་རེད། ཚོགས་དུས་འདིའི་ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་། ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་དབུ་ཁྲིད་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དབུས་པའི་བཀའ་བློན་རྣམ་པ། ཆོས་གསུམ་ཆོས་ལུགས་དང་བཅས་པའི་བོད་མི་མང་སྤྱི་འཐུས་རྣམ་པ་ཕེབས་བཞུགས་གནང་ཡོད་པ་རེད། སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གྲོས་ཚོགས་ཚོགས་ཐེངས་བརྒྱད་པ་དབུ་འབྱེད་ཀྱི་གསུང་བཤད་གནང་བའི་ནང་། དེ་རིང་གི་གྲོས་ཚོགས་ཚོགས་དུས་འདིའི་དུས་ཚོད་མང་ཆེ་བ་འཛིན་སྐྱོང་བཀའ་ཤག་གི་འདས་པའི་ལོ་གཅིག་ནང་ལས་དོན་གནང་བའི་ལས་བསྡོམས་ཐོག་བགྲོ་གླེང་བྱ་རྒྱུ་གཙོ་བོ་ཆགས་ཀྱི་ཡོད། དེ་བཞིན་ཕྱི་ལོ་༢༠༠༨ནས་བཟུང་བོད་ནང་ཛ་དྲག་གནས་སྟངས་ཆགས་རྗེས་ད་ལྟ་བར་དུ་གྲོས་ཚོགས་ཚོགས་དུས་རིམ་པའི་ཐོག་བོད་ནང་གི་རྒྱལ་གཅེས་དཔའ་དཔའ་མོ་རང་སྲོག་ཡན་ཆད་བློས་གཏོང་གནང་མཁན་ཚོའི་ཆེད་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་གྲོས་འཆར་གྲོས་ཆོད་འཁྱེར་དགོས་ཐུབ་ཀྱི་ཡོད་ཅེས་དང་། གཞན་ཡང་ལས་རིམ་བང་སྒྲིག་པ་ལྟར་ཕྱག་བསྟར་ཡང་ཡོང་གི་རེད་བསམ་གྱི་ཡོད་ཅེས་སོགས་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་དབུ་འབྱེད་ཀྱི་གསུང་བཤད་ནང་གསུང་ཡོད་པ་རེད།
གསར་འགོད་པ་ལྷུན་གྲུབ་ཚེ་རིང་དང་དོན་གྲུབ་རྣམ་རྒྱལ།
ཞིབ་ཕྲ་ང་ཚོའི་ས་གནས་གསར་འགོད་པ་ཨོ་རྒྱན་བསྟན་འཛིན་གྱིས་བཏང་བའི་གནས་ཚུལ་ལ་གསན་རོགས།
གསར་འགོད་པ་ཨོ་རྒྱན་བསྟན་འཛིན།