བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་མཇུག་བསྒྲིལ་བ།
2010.11.08
༄༅༎རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཐེངས་དྲུག་པ་དེ་རྒྱ་གར་བྱང་ཕྱོགས་ཧར་ཡ་ན་མངའ་སྡེའི་སུ་རཇ་ཀན་གྲོང་ཁྱེར་ནང་ཁ་ཉིན་ཕྱི་ཚེས་༧ཉིན་མཇུག་བསྒྲིལ་གནང་ཡོད་པ་རེད།
ཐེངས་འདིའི་ཚོགས་ཆེན་ཐོག་ལས་དོན་སྤེལ་ཕྱོགས་ཐད་གྲོས་ཆོད་བཞག་གནང་བའི་ནང་ཚོགས་པའི་ངོས་ནས་རྒྱལ་སྤྱིའི་ཚོགས་པ་དེ་ནུས་ཤུགས་ལྡན་པའི་ཚོགས་པ་ཞིག་བཟོས་གནང་ནས་བོད་ནང་གི་བོད་མི་རྣམས་ཀྱི་དཀའ་སྡུག་སེལ་ཐུབ་ཐབས་དང་བོད་དོན་དེ་ཆབ་སྲིད་ཀྱི་ལམ་ནས་སེལ་ཐུབ་ཐབས་གནང་རྒྱུའི་སྤྱི་མོས་བྱུང་ཡོད་པ་རེད། ཚོགས་ཆེན་ཐོག་རྒྱ་མིའི་སྐུ་ཚབ་རྣམས་ཀྱིས་ཕྱག་བཞེས་གནང་ཕྱོགས་ཏེ་ཤུགས་ཆེ་རུ་ཕྱིན་པ་དེས་རྒྱ་མི་རིགས་རྣམས་ཀྱིས་བོད་མིའི་དངོས་ཡོད་གནས་སྟངས་ཐོག་ངེས་ཤེས་རྙེད་པའི་མཚོན་རྟགས་ཤིག་དང་མ་འོང་པར་ཁོང་རྣམས་ཀྱིས་བོད་ཀྱི་དཀའ་རྙོག་སེལ་རྒྱུར་དེ་བས་ཕྱག་བཞེས་ཆེ་རུ་གནང་བའི་ཐུགས་རེ་གནང་ཡོད་པ་རེད།
དེ་བཞིན་ཚོགས་ཆེན་ཐོག་ལྷོ་ཤར་ཨེ་ཤེ་ཡའི་མངའ་ཁུལ་ཡུལ་ཁག་གི་སྐུ་ཚབ་མཐུས་མི་མང་དུ་ཕྱིན་པ་དེར་དགའ་བསུ་ཞུས་གནང་ཡོད་པ་རེད་ ཚོགས་ཆེན་གྱི་ལས་འཆར་ནང་བོད་ཀྱི་འཁོར་ཡུག་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཆེད་ལས་འཆར་ཁག་བདུན་བཀོད་སྒྲིག་གནང་ཅིང་དེའི་ཁོངས་གནད་དོན་གཙོ་བོ་དེ་བོད་དོན་ཆེད་རྒྱལ་སྤྱིའི་ཐོག་རྒྱབ་བསྐྱོར་འཚོལ་ཐབས་དེ་ཡིན་པ་རེད། ཚོགས་ཆེན་ཐོག་བཀའ་བློན་ཁྲི་པ་མཁས་དབང་གཟམ་གདོང་རིན་པོ་ཆེ་མཆོག་དང་སྐུ་མགྲོན་གཙོ་བོ་རྒྱ་གར་གྱི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་ཟུར་པ་སྐུ་ཞབས་ཀན་ལྦལ་སི་སྦལ་དང་རྒྱ་ནག་གི་དམངས་གཙོ་མནའ་འབྲེལ་ཚོགས་པའི་ཚོགས་གཙོ་གཞོན་པ་སྐུ་ཞབས་ཆིན་ཅིན་ བཙན་བྱོལ་བོད་གཞུང་སྤྱི་འཐུས་ལྷན་ཁང་གི་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་བཅས་པས་གསུང་བཤད་གནང་ཡོད་པ་རེད༎