བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་མི་ལོ་༥༧འཁོར་བ།
2017.10.23

རྒྱ་གར་བྱང་ཕྱོགས་རྡ་རམ་ས་ལར་རྟེན་གཞི་བྱེད་པའི་རྡ་ས་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་མི་ལོ་༥༧འཁོར་བའི་དུས་དྲན་མཛད་སྒོ་དེ་རིང་དབུ་ཚུགས་གནང་ཡོད་པ་དང་། འདི་ལོའི་མཛད་སྒོའི་བརྗོད་གཞི་ནི། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཡིན་འདུག ཉིན་གསུམ་གྱི་མཛད་སྒོའི་དབུ་འབྱེད་ཉིན་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། ཆེ་བསྟོད་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ཕེབས་ཡོད་འདུག
སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་གལ་ཆེ་ཆུང་གང་འདྲ་ཡིན་མིན་སྐོར་གསལ་བཤད་གནང་བའི་ནང་། འདི་ནི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ཡིན་པ་དང་། ༧གོང་ས་མཆོག་གིས་རྒྱུན་རིང་ནས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་དེ་གལ་ཆེན་པོ་ཡིན་པའི་བཀའ་གནང་གི་ཡོད་པ་དང་། རྒྱ་གར་ནང་སློབ་གྲྭ་དང་མཐོ་སློབ་ཁག་ཅིག་ནང་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་ཚན་དུ་བཞག་ཡོད་སྟབས། བོད་པའི་སློབ་གྲྭ་ཁག་ཏུའང་བསླབ་གཞིར་བཞག་ཐུབ་ན་དགེ་མཚན་ཆེན་པོ་ཡོད་སྐོར་གསུངས་བཞག དེ་བཞིན་སྲིད་སྐྱོང་མཆོག་གིས་བོད་མི་ནང་ཁུལ་མཐུན་ལམ་གང་ལེགས་གནང་དགོས་པ་དང་། སྤྱི་ཚོགས་དྲ་རྒྱ་སོགས་ནང་དཀྲོགས་གཏམ་མང་པོ་ཡོང་བཞིན་པར་ཚང་མས་གཟབ་གཟབ་གནང་དགོས་སྐོར་གསུངས་བཞག
ཡང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གསུང་བཤད་གནང་བའི་ནང་། སྐུའི་གཅེན་མོ་ཚེ་རིང་སྒྲོལ་མ་ལགས་དམ་པ་དེ་དང་། རྗེ་བཙུན་པདྨ་ལགས་ཀྱིས་སྐུ་ངལ་དུ་མ་ཞིག་བསྐྱོན་ནས་བོད་ཕྲུག་ཁྱིམ་སྡེ་དེ་རྒྱ་གར་ནང་གི་བོད་པའི་གཏན་སློབ་ཆེ་ཤོས་ཤིག་ཆགས་ཐུབ་པ་བྱུང་བའི་སྐོར་བྱུང་རིམ་ངོ་སྤྲོད་གནང་ཐོག བོད་ནང་གི་ཆབ་སྲིད་དང་འགྲོ་བ་མིའི་ཐོབ་ཐང་ཇེ་ཞན་ཇི་སྡུག་ཏུ་འགྲོ་བཞིན་པའི་གནད་དོན་རྣམས་བོད་མི་ཚང་མས་རྒྱལ་སྤྱིའི་མི་མང་ལ་གོ་རྟོག་སྤེལ་དགོས་པའི་ནན་སྐུལ་གནང་བཞག དེ་བཞིན་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རྟག་ཏུ་བཀའ་གནང་བཞིན་པ་ལྟར་སློབ་ཕྲུག་ཚོས་སློབ་ཚན་སྤྱི་དང་། དམིགས་བསལ་རིགས་གཅིག་རྐང་འཛིན་ཐོག་ཤུགས་རྒྱབ་དགོས་སྐོར་གསུངས་བཞག
རྡ་ས་བོད་ཁྱིམ་དེ་བཞིན་ཐོག་མར་ཕྱི་ལོ་༡༩༦༠ལོར་གསར་འཛུགས་གནང་བ་དང་། སྐབས་དེ་དུས་སློབ་ཕྲུག་༥༡ལས་མེད་ཀྱང་། ད་ཆ་ཧ་ཅང་རྒྱ་བསྐྱེད་ཆེན་པོ་ཕྱིན་ནས་རྒྱ་གར་བྱང་ཕྱོགས་ལ་དྭགས་ནས་ལྷོ་ཕྱོགས་སྦེ་ལ་ཀོ་ཕི་བར་རྡ་ས་བོད་ཁྱིམ་ཀྱི་ཡན་ལག་སློབ་གྲྭ་མང་པོ་ཞིག་ཡོད་པ་དང་། ད་ལྟའི་འཆར་སློབ་ཕྲུག་ཁྱོན་བསྡོམས་ནས་ཆིག་ཁྲི་ལྔ་སྟོང་ཙམ་ཡོད་འདུག
གསར་འགོད་པ་ཚེ་དབང་དངོས་གྲུབ།