དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པའི་རྒྱབ་གཉེར་སྙན་ཐོ།
2012.09.29
༄༅༎ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ལ་བོད་གཞུང་མང་གཉིས་ནས་གདོང་ལེན་གནང་ཕྱོགས་སྐོར་བཅའ་ཁྲིམས་དོན་ཚན་ ༥༩ པའི་ཆ་རྐྱེན་འོག་དམིགས་བསལ་ཚོགས་ཆེན་ཐེངས་ ༢ པ་བཞུགས་སྒར་དུ་ཉིན་བཞིའི་རིང་འཚོགས་ནས། ཕྱི་ཚེས་༢༧ ཉིན་ཚོགས་ཆུང་སོ་སོའི་སྙན་ཐོ་རྣམས་རེ་རེ་བཞིན་སྙན་སྒྲོན་ཞུས་རྗེས། ཕྱི་ཚེས་ ༢༨ ཉིན་སྙན་ཐོ་ཁག་ཕྱོགས་བསྡོམས་ཞུས་པ་དང་། བརྗོད་གཞི་དང་པོ། བོད་མིའི་སྤྱི་ཚོགས་ནང་ལས་འགུལ་སྤེལ་ཕྱོགས་སྐོར་ལ། གོང་ས་མཆོག་མཆོག་གི་སྐུ་ཕྱྭ་ལ་བོད་གཞུང་དམངས་གཉིས་ནས་སྔར་ལྷག་ཐུགས་འཁུར་གཟབ་ནན་གནང་སོགས། དོན་ཚན་ཁག་༡༦་དང་།
བརྗོད་གཞི་གཉིས་པ། རྒྱལ་སྤྱིའི་ནང་ལས་འགུལ་སྤེལ་ཕྱོགས་སྐོར་ལ། བོད་ནང་དུ་རྒྱ་གཞུང་གིས་གདུག་སྦྱོང་མནར་གཅོད་ཚད་མེད་བཏང་དང་གཏོང་བཞིན་པ་ཁག་གི་ཛ་དྲག་གནས་སྟངས་དངོས་ལ་བཙན་བྱོལ་བོད་མིའི་ཁྲིམས་ལུགས་མཁས་པ་རྣམས་ཀྱིས་ཞིབ་འཇུག་དང་འབྲེལ། དཔང་རྟགས་བསྡུ་རུབ་ཀྱིས་རྒྱ་ནག་གི་སྐབས་སོ་སོའི་འབྲེལ་ཡོད་དཔོན་རིགས་ཁག་ཐེར་འདོན་གྱིས་ནག་ཉེས་བཙུགས་ཏེ་རྒྱལ་སྤྱིའི་ཁྲིམས་ཁང་ཁག་ཏུ་ཁྲིམས་གཏུག་གནང་རྒྱུ་སོགས་དོན་ཚན་ཁག་༧་དང་།
བརྗོད་གཞི་གསུམ་པ། ཨེ་ཤི་ཡའི་ནང་ལས་འགུལ་སྤེལ་ཕྱོགས་སྐོར། བོད་ཀྱི་གནད་དོན་ནི། དེང་གི་ཆར་འཛམ་གླིང་ཡུལ་གྲུ་ཕལ་མོ་ཆེར་ཁྱབ་སྤེལ་བྱུང་དང་འབྱུང་བཞིན་ཡོད་ནའང་། ཨ་རབ་ནང་འཇོར་ཌན་ལྟ་བུ་དཀྱིལ་ཤར་ཨེ་ཤི་ཡའི་ཁུལ་དུ་དྲིལ་བསྒྲགས་རྒྱ་གང་ཆེ་གནང་རྒྱུ་སོགས་དོན་ཚན་༨་འཁོད་པའི་སྙན་ཐོ་ཞིག་བཏོན་འདུག།