ཨ་རིས་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པ་བསྐོས་བར་བོད་མིའི་སྒྲིག་འཛུགས་ཀྱིས་དགའ་བསུ།
2020.10.15

ཨ་མི་རི་ཀས་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པ་བསྐོས་བཞག་གནང་བ་དེས་བོད་ཕྱི་ནང་གི་བོད་མིའི་དཀའ་ངལ་མང་པོ་ཞིག་སེལ་ཐུབ་རྒྱུར་བོད་མིའི་སྒྲིག་འཛུགས་ཀྱིས་རེ་བ་གནང་གི་འདུག་ལ་རྒྱ་ནག་གཞུང་གིས་སྐྱོན་བརྗོད་བྱས་འདུག
ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་(Mike Pompeo)ལགས་ཀྱིས་ཨ་རིའི་གཞུང་གིས་བོད་ཀྱི་གནད་དོན་འདི་འགག་རྩའི་གནད་དོན་ཞིག་ཏུ་ངོས་འཛིན་གནང་གི་ཡོད་པ་དང་། ལྷག་པར་རྒྱ་ནག་གཞུང་གིས་བོད་མིའི་ཐོག་དྲག་གནོན་ཤུགས་ཆེ་བྱེད་བཞིན་པ་དང་། རང་སྐྱོང་གི་ཐོབ་ཐང་ཚད་ལྡན་མེད་པ། བོད་ཀྱི་ས་ཁུལ་ཁག་ནང་འགྲོ་བ་མིའི་ཐོབ་ཐང་ཇེ་སྡུག་ཏུ་འགྲོ་བཞིན་པ། བོད་མིའི་ཆོས་དད་རང་དབང་དང་རིག་གཞུང་གོམས་གཤིས་སོགས་ལ་དམ་དྲག་ཤུགས་ཆེ་བྱེད་བཞིན་པར་ཐུགས་འཚབ་ཡོད་པ་གསུང་པ་དང་ཆབས་ཅིག ཕྱི་སྲིད་ལས་ཁུངས་ཀྱི་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ལས་དོན་ཐད་ཀྱི་ཕྱི་སྲིད་དྲུང་ཆེའི་ཕྱག་རོགས་ཀྱི་མཚན་གནས་ཡོད་པ། སྐུ་ཞབས་(Robert Destro)ལགས། ཨ་རིའི་གཞུང་གི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་ཏུ་བསྐོ་བཞག་གནང་ཡོད་པ། སྤྱི་ཟླ་༡༠པའི་ཚེས་༡༤ཉིན་ཡོངས་བསྒྲགས་གནང་ཡོད་པར། བོད་མིའི་སྒྲིག་འཛུགས་ཀྱི་དྲིལ་བསྒྲགས་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས་ཀྱིས། དམིགས་བསལ་འབྲེལ་མཐུད་པ་བསྐོས་བཞག་གནང་བར་དགའ་བསུ་ཞུས་པ་དང་འབྲེལ། དམིགས་བསལ་འབྲེལ་མཐུད་པ་བསྐོས་བཞག་བྱས་བ་ཙམ་གྱིས། བོད་མིའི་སྒྲིག་འཛུགས་དང་བོད་ནང་གི་བོད་མི་ཚོའི་དཀའ་ངལ་མང་པོ་ཞིག་སེལ་ཐུབ་པར་རེ་བ་གནང་གི་ཡོད་ཅེས་དང་། བོད་མིའི་སྒྲིག་འཛུགས་དང་ཚོགས་པ་ཁག་སོགས་ཚང་མས་བོད་ནང་གི་དཀའ་ངལ་ཐོག་ཞུ་གཏུག་གནང་བསྡད་ཡོད་ནའང་ཞུ་ཡུལ་གྱི་ལས་ཁུངས་དང་འབྲེལ་ཡོད་ལས་བྱེད་པ་ཆེད་དུ་བཙུགས་མེད་པས། དོན་འབྲས་མགྱོགས་པོར་སྨིན་པ་དང་ལས་དོན་སྒྲུབ་པར་དུས་འགོར་ཡོང་གི་ཡོད་པས། ད་ལན་ལས་ཁུངས་དང་འབྲེལ་ཡོད་ལས་བྱེད་པ་ཡོད་པ་ཙམ་གྱིས། ང་ཚོས་སྐུལ་ལྕགས་དང་འབོད་སྐུལ་གྱིས་དུས་ཐོག་བཅར་རྒྱུའི་ལམ་ཁ་སྟབས་བདེ་དང་ལས་དོན་སྒྲུབ་པར་ཕན་ཐོགས་ཡོད་པར་ངོས་འཛིན་གནང་གི་འདུག་པ་མ་ཟད། ང་ཚོ་མི་སྒེར་དང་སྒྲིག་འཛུགས་ཀྱིས་གསུང་གི་བསྡད་པ་ལས། ཁོང་ཚོས་བཀའ་མོལ་དང་ལས་དོན་གནང་ཕྱོགས་ཀྱིས་ནུས་པ་ཆེན་པོ་འཐོན་ངེས་རེད་ཅེས་འགྲེལ་བརྗོད་གནང་གི་འདུག
གཞན་ཡང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་ནས་ཀྱང་། ཨ་མི་རི་ཀས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་བཞག་གནང་བར་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། བོད་དོན་དམིགས་བསལ་འབྲེལ་མཐུད་པར་འཚམས་འདྲི་དང་བཅས་ཕྱག་བྲིས་གཉིས་ཕུལ་ཡོད་པ་དང་། བོད་དོན་འབྲེལ་མཐུད་པ་བསྐོ་བཞག་གནང་བ་དེས། ཨ་མི་རི་ཀ་གཞུང་གིས་བོད་ནང་གི་ཛ་དྲག་གནས་བབ་ཐོག་དོ་སྣང་དང་བོད་དོན་ལ་རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཡོད་པའི་རྣམ་འགྱུར་གསལ་པོ་བསྟན་པ་རེད་ཅེས་དང་། བོད་མི་རིགས་རྩ་མེད་དང་ཆོས་དང་རིག་གཞུང་། སྐད་ཡིག་རྩ་མེད་ཆགས་རྒྱུའི་ཉེན་ཁ་ཞིག་སླེབས་བསྡད་ཡོད་པ་ནི། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ཀྱི་ནང་པའི་ཆོས་ཡིན་ནའང་ཀྲུང་གོ་ཅན་དུ་བསྒྱུར་པ་སོགས། གང་ལྟར་བོད་མི་རིགས་དེ་རྒྱ་རིགས་སུ་བསྒྱུར་པ་དང་། བོད་ཀྱི་ཆོས་རིག་སྐད་ཡིག་དམར་པོའི་ལམ་ལུགས་སུ་བསྒྱུར་རྒྱུའི་ཉེན་ཚབས་ཧ་ཅང་ཆེན་པོ་ཞིག་ཆགས་ཡོད་པས། ད་ལན་ཨ་རིའི་གཞུང་གིས་འབྲེལ་མཐུད་པ་བསྐོ་བཞག་གནང་བ་དེ་རྣམ་འགྱུར་བཟང་པོ་ཞིག་དང་། ང་ཚོའི་ངོས་ནས་དེ་ལ་རེ་བ་ཆེན་པོ་བྱེད་ཀྱི་ཡོད་ཅེས་འགྲེལ་བརྗོད་གནང་གི་འདུག
དེའི་ཐད་རྒྱ་ནག་ཕྱི་འབྲེལ་ལས་ཁུངས་ཀྱི་མགྲིན་ཚབ་པ་ཀྲའོ་ལི་ཇའན་གྱིས། འཆར་ཅན་གསར་འགོད་ལྷན་ཚོགས་ཐོག ཨ་མི་རི་ཀའི་གཞུང་གིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཟེར་བ་ཞིག་བསྐོས་བཞག་བྱས་པ་དེར་སྐྱོན་བརྗོད་དང་། བོད་ཀྱི་གནད་དོན་ནི་རྒྱ་ནག་རྒྱལ་ནང་གི་གནད་དོན་ཞིག་ཡིན་པས་དེར་ཨ་རི་སོགས་ཕྱིའི་རྒྱལ་ཁབ་སུ་འདྲ་ཞིག་གིས་ཐེ་བྱུས་བྱེད་དུ་འཇུག་འདོད་མེད། བོད་ནང་ཞི་བའི་བཅིངས་གྲོལ་བཏང་བའི་རྗེས་བོད་མི་རྣམས་ཀྱིས་བདེ་སྐྱིད་ཀྱི་འཚོ་བ་སྐྱེལ་བཞིན་ཡོད་ལུགས་བརྗོད་འདུག
གསར་བསྐོས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་(Robert Destro)ལགས་ནི། ཨ་མི་རི་ཀའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོས་ཐེངས་དྲུག་པ་དེ་ཡིན་ཅིང་། བོད་མིའི་སྒྲིག་འཛུགས་དང་ཨ་རིའི་གྲོས་ཚོགས་འཐུས་མི་ཁག་གཅིག་གིས། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་ཡོང་བའི་འབོད་སྐུལ་རིམ་པ་ཞུས་ཡོད་ཀྱང་། ཨ་རིའི་སྲིད་འཛིན་(Donald Trump)མཆོག་གི་གཞུང་འཛིན་འོག་ཕྱི་ལོ་༢༠༡༧ལོ་ནས་ད་བར་ཨ་རིའི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་ཐུབ་མེད་པར་ལྷག་ཡོད་པ་རེད།