ཧི་མ་ལ་ཡའི་ཁུལ་ས་ཡོམ་ནང་མི་༥༣་ཙམ་རྐྱེན་འདས།
2011.09.19
༄༅༎རྒྱ་གར་དང་བལ་ཡུལ་ བོད་བཅས་ཧི་མ་ལ་ཡའི་ཁུལ་རེས་གཟའ་ཉི་མའི་ཕྱི་དྲོའི་ཆུ་ཆོད་དྲུག་དང་སྐར་མ་བཅུའི་ཐོག་ས་ཡོམ་འགུལ་ཚད་དྲུག་ཚགས་དགུ་བྱས་པ་ཞིག་རྒྱབ་ནས་ད་བར་ཉུང་མཐར་ཡུལ་མི་ལྔ་བཅུ་ང་གསུམ་གྱི་ཚེ་སྲོག་ཤོར་ཡོད་འདུག༎
ས་ཡོམ་གྱི་ལྟེ་གནས་འབྲས་ལྗོངས་དང་བལ་ཡུལ་གྱི་ས་མཚམས་ཀྱི་ས་ཁུལ་ཞིག་ཏུ་ཡིན་པ་དང་ད་ཆ་མྱུར་སྐྱོབ་མི་སྣ་ས་ཁུལ་གང་སར་བགྲོད་ཐབས་བྱ་མུས་ཀྱང་འབྲས་ལྗོངས་ཀྱི་རྒྱལ་ས་སྒང་ཏོག་ཁུལ་ས་རུད་དང་ཆར་པས་རྐྱེན་པས་དཀའ་ངལ་ཇེ་ཆེ་འཕྲད་ཡོད་ལུགས་རྒྱལ་ཡོངས་ཉེན་སྐྱོབ་ཚན་པའི་མགྲིན་ཚབ་པ་ སུ་རེནྡྷར་ ཨྭ་ལ་ཝཐ་ཡིས་གསུངས་ཡོད་པ་ཨེ་ཨེཕྤི་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག། ཁུལ་དེར་ཉེན་སྲུང་དམག་མི་ལྔ་སྟོང་ལྷག་ཆེད་རྫོངས་གནང་ཡོད་ཀྱང་ས་ཁུལ་ཚང་མར་དུས་ཐོག་སླེབས་རྒྱུར་དཀའ་ངལ་འཕྲད་ཀྱི་ཡོད་ལུགས་འབྲས་ལྗོངས་ཀྱི་དྲིལ་བསྒྲགས་བློན་ཆེན་ སི་ བྭི་ ཀརྐི་ཡིས་འགྲེལ་བརྗོད་གནང་འདུག། མངའ་སྡེའི་ནང་ད་བར་ཡུལ་མི་༣༡རྐྱེན་ལམ་ཕྱིན་པ་ནས་ལྔ་སྒང་ཏོག་ནས་ཡིན་འདུག། ས་ཡོམ་གྱི་འགུལ་ཚད་ནུབ་ཕྱོགས་སུ་ཀི་ལོ་མི་ཊར་ཆིག་སྟོང་ལྷག་སར་རྒྱལ་ས་དྷི་ལི་གསར་པ་དང་ ཤར་ཕྱོགས་སུ་བྷང་ལ་དྷེཤེ་བར་ཁྱབ་ཡོད་འདུག། བལ་ཡུལ་ནང་ཨིན་ཇིའི་གཞུང་ཚབ་ཁང་གི་གྱང་བརྡིབ་ནས་བྷག་བྷག་གཏོང་མཁན་ཞིག་དང་བོུ་ལོ་བརྒྱད་བྱས་པ་དང་དེ་མིན་གཅིག་བཅས་གསུམ་དང་ ཡང་ཤར་ཕྱོགས་ཀྱི་ས་ཁུལ་ཅིག་ནང་ཡུལ་མི་གསུམ་བཅས་ཁྱོམ་བསྡོམས་དྲུག་རྐྱེན་ལམ་དུ་ཕྱིན་ཡོད་པའི་ཁར་བརྒྱ་ཙམ་རྨས་་ཡོད་འདུག། འབྲས་ལྗོངས་ཁུལ་ཉེན་སྲུང་མི་སྣས་ཕྱི་རྒྱལ་གྱི་འགྲུལ་པ་བཅོ་ལྔ་སྲུང་སྐྱོབ་བྱས་ཡོད་འདུག། བྭི་ཧར་མངའ་སྡེའི་ནང་ཡུལ་མི་གཅིག་དང་རྡོ་རྗེ་གླིང་ནང་ཡུལ་མི་བཞི་ཁང་པ་བརྡིབ་ནས་ཤི་ཡོད་འདུག། རྒྱ་གར་བྱང་ཤར་གྱི་མངའ་སྡེ་བདུན་ས་ཡོམ་གྱི་དཀྱིལ་འཁོར་ནང་ཚུད་ཡོད་རེད། ཕྱི་ལོ་༢༠༠༡ལོར་རྒྱ་གར་ནུབ་ཕྱོགས་ཀྱི་མངའ་སྡེ་ གྷུཇེ་རཐ་ནང་ས་ཡོམ་འགུལ་ཚད་དྲུག་ཚགས་བདུན་བྱས་པ་ཞིག་རྒྱབ་ནས་ཡུལ་མི་ཁྲི་གཉིས་ཙམ་རྐྱེན་ལམ་དུ་ཕྱིན་པ་རེད༎