རྫོགས་ཆེན་སྟོབས་ལྡན་ལགས་འཛིན་བཟུང་བྱས་འདུག
2011.10.24
༄༅༎ཟླ་བ་འདིའི་ཚེས་༡༩ཉིན་བོད་ཀྱི་རྒྱལ་ས་ལྷ་ས་ནས་སྡེ་དགེ་རྫོགས་ཆེན་པ་སྟོབས་ལྡན་ལགས་འཛིན་བཟུང་བྱས་འདུག
འདི་ག་རླུང་འཕྲིན་ཁང་ལ་བོད་མི་མང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས་ཁུངས་ལྡན་གནས་ཚུལ་མཁོ་སྤྲོད་གནང་བར་གཞིགས་ན། ལྷ་སར་རྒྱ་མིས་འཛིན་བཟུང་བྱས་པའི་རྫོགས་ཆེན་སྟོབས་ལྡན་ལགས་ནི་དཔལ་ལྡན་བཀའ་བློན་ཁྲི་ཟུར་སྐུ་གཤེགས་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་གི་ཚ་བོ་ཡིན་པ་དང༌། ལྷ་སར་གནས་སྡོད་སྐུ་གཤེགས་དམ་པ་དེའི་སྤུན་ཉེ་སྡེ་དགེ་རྫོགས་ཆེན་པ་ཁག་ཅིག་དང༌། ཕ་ཡུལ་གཅིག་པ་བཅས་མི་གྲངས་བཅུ་གྲངས་གཉིས་མ་ཟིན་ཙམ་གྱིས་འཇུ་ཆེན་ཐུབ་བསྟན་དམ་པ་དེ་ཉིད་སྐུ་གཤེགས་ནས་ཞག་ཞེ་དགུ་ཚང་བའི་ཉིན་མོ་དང་བསྟུན་ཕྱི་ཚེས་༡༩ཉིན་ལྷན་ལྡན་གཙུག་ལག་ཁང་དུ་མཆོད་འབུལ་སྨོན་ལམ་ཞིག་གྲ་སྒྲིག་གནང་སྟེ་དབུ་བཙུགས་མ་ཐག་རྒྱ་མིའི་ཉེན་རྟོག་པ་དེ་གར་འབྱོར་ནས་བཀག་སྡོམ་བྱས་འདུག རྫོགས་ཆེན་སྟོབས་ལྡན་ལགས་མཆོད་འབུལ་གོ་སྒྲིག་གནང་མཁན་གཙོ་བོ་ཡིན་པར་རྩིས་ནས་ཁོང་འཛིན་བཟུང་བྱས་ཏེ། ད་བར་ས་གནས་གང་ཞིག་དུ་ཁྲིད་ཡོད་མེད་ཤེས་རྟོགས་ཐུབ་ཀྱི་མེད་པའི་གནས་ཚུལ་འདུག།