སྡེ་དགེའི་པར་ཁང་འཛམ་གླིང་དྲན་ཤེས་རྣམ་གྲངས་ཀྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་མིང་ཐོར་ཚུད་འདུག
གསར་འགྱུར་བརྒྱུད་ལམ་ཁག་ཅིག་ནང་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཟླ་༥པའི་ཚེས་༦ཉིན་སོག་པོའི་རྒྱལ་ས་ཨོ་ལན་བྷ་ཐོ་རུ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤེས་ཡོན་ཚན་རྩལ་ཚན་པའི་འཛམ་གླིང་དྲན་ཤེས་རྣམ་གྲངས་ཀྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ལྷན་ཚོགས་ཀྱི་སྐབས་བཅུ་བའི་ཚོགས་འདུའི་སྟེང་། ཡུལ་གྲུ་ཁག་༢༥ཡི་འཐུས་ཚབ་ནས་རྣམ་གྲངས་༢༠ཁྱེར་ཡོང་བའི་ཁྲོད་ནས། སྤྱི་༥པའི་ཚེས་༨ཉིན་གྱི་དཔྱད་ཞིབ་ཁྲོད། སྡེ་དགེའི་པར་ཁང་གི་པར་བརྐོས་ཡིག་ཚགས་དེ་འདེམས་ཤོག་ཡོངས་ཀྱིས་ཕངས་ནས་༼འཛམ་གླིང་དྲན་ཤེས་རྣམ་གྲངས་ཀྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་མིང་ཐོའི༽ནང་བདམས་ཐོན་བྱུང་བ་བཀོད་འདུག
སྐབས་དེར་རྒྱ་ནག་རྒྱལ་ཁབ་ཡིག་ཚགས་ལས་ཁུངས་ཀྱི་སྣེ་ཁྲིད་འོག་སྡེ་དགེ་རྫོང་གི་དྲན་ཤེས་རྣམ་གྲངས་རེ་ཞུའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་འགན་འཛིན་དང་སྡེ་དགེ་རྫོང་ཡིག་ཚགས་ཁང་གི་འགོ་གཙོ་ཟླ་བ་གཡང་སྐྱིད་ལགས་དང་། རིགས་གཅིག་མཁས་ཅན་ཚོགས་ཆུང་གི་འགན་ཁུར་བ་ཀརྨ་རྒྱལ་མཚན་བཅས་ཆེད་མངགས་གདན་ཞུས་སྐུ་མགྲོན་བྱས་ནས་ཚོགས་འདུར་ཞུགས་ཡོད་འདུག
སྡེ་དགེའི་པར་ཁང་གི་པར་བརྐོས་ཡིག་ཚགས་ཀྱི་ཆ་འཕྲིན་ཁ་གསལ་ཞིང་། གཏིང་ཟབ་པའི་རིག་གནས་ཀྱི་རིན་ཐང་དང་ལོ་རྒྱུས་ཀྱི་དོན་སྙིང་ཕྱོགས་ཡོངས་ནས་ངོ་སྤྲོད་བྱས་པ་དང་། ཡིག་ཚགས་དེ་དག་གི་དངོས་ཡོད་རང་བཞིན་དང་། དཀོན་པའི་རང་བཞིན། ཉག་ཅིག་རང་བཞིན། ཚབ་བྱེད་མི་ཐུབ་པའི་རང་བཞིན་བཅས་དང་། དེ་བཞིན་ཆ་ཚང་རང་བཞིན་གསོན་ཉམས་ལྡན་པའི་སྒོ་ནས་མངོན་པར་བྱས་པས། ཚོགས་ཞུགས་མི་སྣའི་དོ་ཁུར་དང་གདེང་འཇོག་ཚད་མཐོན་པོ་ཐོབ་ཡོད་ཚུལ་རྒྱ་ནག་གི་གསར་འགྱུར་ཁག་ཅིག་ནང་གནས་ཚུལ་སྤེལ་འདུག
རྣམ་རྒྱལ་གྲྭ་ཚང་གི་སློབ་གྲྭའི་སློབ་སྤྱི་རྒན་ཐུབ་བསྟན་ཡར་འཕེལ་ལགས་ཀྱིས་སྡེ་དགེ་པར་ཁང་གི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། སྤྱིར་སྤྱི་ལོ་༡༩༦༦་ནས་༧༦་བར་རིག་གནས་གསར་བརྗེའི་སྐབས་རིང་། སྡེ་དགེ་པར་ཁང་གཏོར་བཤིག་བཏང་ཡོད་ཀྱང་གཏོང་བཤིག་ཆེན་པོ་ཕྱིན་མེད་པའི་བཤད་སྲོལ་ཡོད། བཀའ་འགྱུར་བསྟན་འགྱུར་ལ་སོགས་པའི་པར་ཤིང་གང་མཚམས་ལྷག་ཡོད། རྗེས་སུ་སྤྱི་ལོ་༡༩༨༦་དང་༨༦་ལོར་སྡེ་དགེ་པར་ཁང་དེ་བཞིན་ཞིང་ཆེན་དང་ལྗོངས་རིམ་པའི་རིག་དངོས་ཤུལ་བཞག་ནང་ལ་ཚུད་ཡོད། རྗེས་སུ་སྤྱི་ལོ་༢༠༠༠གི་ནང་ཡང་བསྐྱར་སྔོན་མའི་རིག་དངོས་ཤུལ་བཞག་གི་ཁོངས་སུ་ཚུད་ཡོད་པས་སྲུང་སྐྱོབ་སོགས་གང་མཚམས་ཡག་པོ་བྱུང་ཡོད་ཅེས་དང་། སྡེ་དགེ་པར་ཁང་ནས་ཐོན་པའི་བཀའ་འགྱུར་དང་བསྟན་འགྱུར་དེ་གྲགས་ཆེ་ཤོས་ཡིན། རྒྱུ་མཚན་སྡེ་དགེ་བཀའ་འགྱུར་བསྟན་འགྱུར་གྱི་པར་ཤིང་དེ་དང་མི་སྣ་ཆིག་སྟོང་ནས་བཞི་བརྒྱ་དྲག་འདེམས་བྱས་ནས་བརྐོས་བ་དང་། ཞིབ་ཚགས་པོ། ཉིན་རེར་པར་ཤིང་རེ་ལས་བརྐོ་མི་ཆོག་པ་སོགས་བྱས་མཐར་སི་ཏུ་ཆོས་ཀྱི་འབྱུང་གནས་མཆོག་གིས་ཐོག་མའི་ཞུ་དག་གནང་བ་དང་། པར་ཤིང་ལ་བརྐོས་ཚར་རྗེས་སུ་ཞུ་དག་རིམ་པ་བཞི་གནང་བ་སོགས་ཀྱི་ཁྱད་ཆོས་ཡོད་པ་གསུངས་བྱུང་།
ཁམས་སྡེ་དགེ་པར་ཁང་ནི་བོད་ཁུལ་གྱི་པར་ཁང་ཆེན་པོ་གསུམ་ནང་གི་གཅིག་ཡིན་ལ། བོད་ཁུལ་གྱི་པར་ཁང་ཆེན་པོ་གསུམ་ནི། ཞོལ་པར་ཁང་དང་། སྣར་ཐང་པར་ཁང་། སྡེ་དགེ་པར་ཁང་བཅས་ཡིན། སྡེ་དགེ་པར་ཁང་ཕྱི་ལོ་༡༧༢༩ལོར་གསར་འཛུགས་གནང་བ་དང་། པར་ཤིང་བརྐོས་མ་སྣ་ཚོགས་གྲངས་༣༢༥༥༢༠གསོག་ཉར་གནང་་ཡོད། དུས་རབས་བཅུ་གཅིག་ནས་དུས་རབས་༢༠འི་བར་བོད་ཀྱི་སྔོན་བྱོན་སྐྱེས་ཆེན་རིམ་བྱོན་གྱི་གསུང་འབུམ་དང་བཀའ་འབུམ། ཆོས་དཔེ་སོགས་བོད་ཀྱི་བཟོ་རིག་དང་། གསོ་རིག་སོགས་མང་པོ་འདུས་ཡོད་འདུག
གསར་འགོད་པ། ལྕགས་མོ་འཚོ། ནོར་སྡེ་སྒྲོལ་མ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།