པཀིསྟན་གྱི་སྲིད་འཛིན་ནས་རྒྱ་གར་ལ་སྐྱོན་བརྗོད།
2010.11.08
༄༅༎ཨ་མི་རི་ཀའི་སྲིད་འཛིན་སྦ་རཀ་ཨོ་སྦ་མ་མཆོག་གིས་རྒྱ་གར་དང་པ་ཀིསྟན་གཉིས་དབར་ཡོད་བཞིན་པའི་འགལ་ཟླ་སེལ་ཐབས་བྱེད་དགོས་རྒྱུའི་འབོད་སྐུལ་གནང་བའི་རྗེས། པ་ཀིསི་ཐན་གྱི་སྲིད་འཛིན་ཨ་སིཕ་ཨ་ལི་ཛར་རྡ་རི་ཡིས་པ་ཀིསྟན་གཞུང་ཕྱོགས་ནས་ཞི་འགྲིག་གི་གྲོས་འཆར་བཏོན་པ་དེར་རྒྱ་གར་གྱིས་བཟང་ཕྱོགས་ཀྱི་ལན་འཆར་བཏོན་མེད་སྐོར་གསུངས་བཞག།
རྒྱལ་ས་ཨི་སི་ལ་མ་སྦརྡ་ནང་ཚུགས་པའི་ལྷོ་ཨེ་ཤེ་ཡའི་གསར་འགོད་ཚོགས་འདུའི་ཐོག། པ་ཀིསྟན་གྱི་སྲིད་འཛིན་གྱིས་པ་ཀིསྟན་གཞུང་ཕྱོགས་ནས་རྒྱ་གར་དང་འགྲིག་འཇགས་ཡོང་རྒྱུའི་ཞི་བའི་རྣམ་འགྱུར་ཚད་ལས་འགལ་བ་བཏོན་ཡོད་པ་དང༌། རྒྱ་གར་ངོས་ནས་པ་ཀིསྟན་གྱི་གྲོས་འཆར་ལ་དགའ་བསུ་དང་ཚུར་སྣང་ལན་འཆར་བཟང་པོ་ཞིག་བཏོན་ཡོད་ན་ཕན་རླབས་ཆེན་པོ་ཞིག་ཡོང་རྒྱུ་ཡིན་སྐོར་འགྲེལ་བརྗོད་གནང་ཡོད་ལུགས། སྲིད་འཛིན་ཛར་རྡ་རིའི་མགྲིན་ཚབ་པས་རེས་གཟའ་ཉི་མའི་དགོངས་དྲོ་གསལ་བསྒྲགས་སྤེལ་འདུག།
དེ་བཞིན་སྲིད་འཛིན་ཛར་རྡ་རི་ཡིས་༢༠༠༨ལོར་རྒྱ་གར་གྱི་དཔལ་འབྱོར་ལྟེ་གནས་གྲོང་ཁྱེར་མུམ་སྦའེ་ནང་འཇིགས་སྐུལ་དྲག་སྤྱོད་པས་ཞི་བའི་ཡུལ་མིོ་༡༦༦རྐྱེན་ལམ་དུ་བཏང་བའི་གནད་དོན་གྱིས་རྒྱ་གར་དང་པ་ཀིསྟན་གཉིས་དབར་ཞི་འགྲིག་གི་བྱ་རིམ་ལ་གནོད་སྐྱོན་དོ་ཕོག་ཐེབས་ཡོད་པར་ངོས་ལེན་གནང་སྟེ། པ་ཀིསྟན་གྱི་ངོས་ནས་འཇིགས་སྐུལ་དྲག་སྤྱོད་ཀྱི་ལས་དོན་བརྩམས་མཁན་ཉེས་ཅན་པ་རྣམས་ལ་ཁྲིམས་ཐོག་ནས་ཉེས་ཆད་གཏོང་རྒྱུའི་རྩད་ཞིབ་ཐད་མཉམ་འབྲེལ་དངས་ལེན་ཞུ་གི་ཡོད་སྐོར་ཡང་གསུངས་བཞག།
ཨ་རིའི་སྲིད་འཛིན་ཨོ་བ་མ་མཆོག་ད་རེས་རྒྱ་གར་ལ་ཉིན་གྲངས་གསུམ་རིང་གཟིགས་སྐོར་གནང་བར་ཕེབས་ཡོད་པ་དེར། པ་ཀིསྟན་གྱིས་འགྲན་སེམས་ཆེན་པོའི་སྒོ་ནས་ལྟ་ཡི་ཡོད་པ་མ་ཚད། འགའ་ཤས་ཀྱིས་སྲིད་འཛིན་ཨོ་བ་མ་མཆོག་གིས་ད་རེས་ཨེ་ཤེ་ཡ་ཁུལ་གྱི་གཟིགས་སྐོར་ནང་པ་ཀིསྟན་མེད་པ་དེ་ནི་ཡུལ་དེར་སྣང་ཆུང་ཁྱད་གསོད་བྱས་པ་ལྟ་བུ་ཞིག་ལ་ངོས་འཛིན་ཡང་བྱེད་ཀྱི་ཡོད་པ་རེད།
འོན་ཀྱང་ཨ་རིའི་སྲིད་འཛིན་ཕོ་བྲང་དཀར་པོས་༢༠༡༡ལོར་ཨོ་བ་མ་པ་ཀིསྟན་ལ་ཕེབས་རྒྱུའི་འཆར་གཞི་ཡོད་པ་དང༌། ཨ་རི་གཞུང་ནས་པ་ཀིསྟན་གྱི་སྲིད་འཛིན་ལའང་རྒྱལ་ས་ལྦ་ཤིང་ཀྲོན་དུ་སྣེ་ལེན་ཞུ་འཆར་ཡོད་སྐོར་གསུངས་བཞག།